ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༦ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༤ རེས་གཟའ་མིག་དམར་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་ཀྱི་ཊོམ་ལེན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་གིས་གོ་སྒྲིག་དང་། ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་སི་མེཀ་གོ་ཝན་མཆོག་དང་སྐུ་ཞབས་ཁི་རི་སི་སི་མི་ཐི་མཆོག་གཉིས་ཀྱི་གཙོ་སྐྱོང་འོག་རྒྱལ་སྤྱིའི་མེག་ནི་སི་ཀི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ (The Global Magnitsky Human Rights Accountability Act: Taking Stock) ཞེས་པའི་བརྗོད་གཞིའི་ཐོག་དྲ་རྒྱ་བརྒྱུད་ཉན་ཞིབ་ཚོགས་འདུ་ཞིག་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་མཉམ་ཞུགས་གནང་མཁན་རྣམས་དང་མང་ཚོགས་ལ་རྒྱལ་སྤྱིའི་མེག་ནི་སི་ཀི་འགྲོ་བ་མིའི་ཐོབ་ཐང་གི་བཀའ་ཆད་ལག་བསྟར་དང་དོན་སྨིན་བྱུང་ཡོད་མེད་སོགས་ཀྱི་ཐད་བསྐྱར་ཞིབ་བྱེད་རྒྱུའི་གོ་སྐབས་གནང་ཡོད།
དེ་ཡང་ཉན་ཞིབ་ཀྱི་ཚོགས་འདུའི་ཐོག་ཨ་རིའི་གྲོས་ཚོགས་འཐུས་མི་སི་མི་ཐི་མཆོག་གིས་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན་ནང་དྲག་གནོན་བྱེད་བཞིན་པའི་སྐོར་དམིགས་སུ་བཀར་ནས་གསལ་འདོན་གནང་ཡོད། ད་བར་མི་གྲངས་ ༢༤༠ ལྷག་ལ་རྒྱལ་སྤྱིའི་མེག་ནི་སི་ཀི་ (Global Magnitsky) ཞེས་པའི་བཀའ་ཆད་བཏང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཤར་ཏུར་ཀི་སི་ཐན་ནང་ཁ་ཆེའི་མི་རིགས་རྣམས་ལ་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར་གཟའ་འཁོར་འདིའི་སྔོན་ཙམ་ལ་ཨ་རི་དང་། ཡུ་རོབ་སྤྱི་མཐུན་ཚོགས་པ། ཁེ་ན་ཌ། ཨིན་ཡུལ་བཅས་ཀྱིས་རྒྱ་ནག་གི་འབྲེལ་ཡོད་འགོ་ཁྲིད་ཁག་གཅིག་ལ་སྲིད་དོན་གྱི་བཀའ་ཆད་བཅད་ཡོད། འགོ་ཁྲིད་དེ་དག་གི་ཁོངས་སུ་ཤར་ཏུར་ཀི་སི་ཐན་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་ལས་བྱེད་ཝང་ཇུན་ཀྲིན་ (Wang Junzheng) དང་། ཤར་ཏུར་ཀི་སི་ཐན་གྱི་བདེ་འཇགས་ལས་ཁུངས་ཀྱི་འགན་འཛིན་ཁྲིན་མིན་གོ་ (Chen Mingguo) བཅས་འཚུད་ཡོད།
དེ་བཞིན་ན་ནིང་ཨ་རི་གཞུང་གིས་རྒྱལ་སྤྱིའི་མེག་ནི་སི་ཀི་ཞེས་པའི་ཁྲིམས་གཞིའི་འོག་ཤར་ཏུར་ཀི་སི་ཐན་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲིན་ཆུན་གོ་ (Chen Quanguo) ལ་སྲིད་དོན་གྱི་བཀའ་ཆད་བཅད་ཡོད། གཟའ་འཁོར་འདིའི་སྔོན་ལ་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་མཉམ་རུབ་ཐོག་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་མེག་ནི་སི་ཀི་ཞེས་པའི་ཁྲིམས་ལ་རྩིས་མེད་བྱས་པའི་བཀའ་ཆད་བཅད་ཡོད་པའི་བསྒྲགས་གཏམ་ཞིག་སྤེལ་ཡོད། བསྒྲགས་གཏམ་དེའི་ནང་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གིས་གསུང་དོན། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་མཉམ་རུབ་ཐོག་མུ་མཐུད་རྒྱ་གཞུང་གིས་བོད་ནང་གི་བོད་མི་དང་། ཡུ་གུར་མི་རིགས། ཧོང་ཀོང་གི་མི་མང་དང་གསར་འགོད་པ། དེ་བཞིན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སོགས་ཀྱི་འགྲོ་བ་མིའི་ཐབ་ཐང་རྩིས་མེད་རྡོག་རོལ་བཏང་བ་དེ་རྒྱ་ནག་གཞུང་ལ་འགན་འཁུར་འཇུག་དགོས་པ་དང་། གལ་ཏེ་ཨ་རིས་ཚོང་དོན་གྱི་ཁེ་ཕན་སླད་དུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་གླེང་སློང་མ་གནང་ན། ང་ཚོར་འཛམ་གླིང་ས་ཕྱོགས་གང་དུ་ཡིན་ཡང་འགྲོ་བ་མིའི་ཐོབ་ཐང་གི་སྐོར་སྐད་ཆ་བཤད་རྒྱུའི་བཟང་སྤྱོད་ཀྱི་དབང་ཤོར་བ་རེད། ཅེས་གསུངས་ཡོད།
ཉན་ཞིབ་ཀྱི་ཚོགས་འདུའི་ཐོག་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷེན་ཇ་མིན་ཀར་ཌིན་ (Benjamin Cardin) མཆོག་དང་། ཨ་རིའི་ནིའུ་ཡོག་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་པོ་ (Human Rights First) ཞེས་པའི་ཚོགས་པའི་འགན་འཛིན་མ་ཡི་ཀེལ་ (Michael Breen) ལགས་སོགས་མཉམ་བཞུགས་གནང་ཡོད་པ་བཅས། །