ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༠ རེས་གཟའ་སྤེན་པ།
༄༅། །སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༦ འཚོགས་བཞིན་པའི་སྐབས་སྤྱི་ཡོངས་ཀྱི་བགྲོ་གླེང་དོན་ཚན་ཨང་ ༤ པའི་འོག་ཨ་རི་དང་། ཁེ་ན་ཌ། འཇར་མན་ནི། ཨོ་སི་ཊི་རི་ཡ། ཅེཀ་སྤྱི་མཐུན་རྒྱལ་ཁབ། ཌེན་མག ཕིན་ལེནྜ། ནི་ཐར་ལན་ཌི་བཅས་ནས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ཧ་ཅང་ཐུགས་འཚབ་གནང་གི་ཡོད་པའི་སྐོར་གསུངས་ཡོད།
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་གཞོན་པ་སྐུ་ཞབས་མར་ཀི་ (Mark Cassayre) ལགས་ཀྱིས། ང་ཚོས་རྒྱ་ནག་གཞུང་གིས་ཡུ་གུར་བ་རྣམས་རྩ་གཏོར་དང་བོད་མི་རྣམས་ཀྱི་ཐོག་དྲག་གནོན་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། ཅེས་གསུངས། རྒྱལ་ཚོགས་ཀྱི་ཁེ་ན་ཌའི་སྐུ་ཚབ་གཞོན་པ་ལྕམ་སྐུ་ཊ་མ་ར་ (Tamara Mawhinney) ལགས་ཀྱིས། ཁེ་ན་ཌའི་ཚབ་ཞུས་ཏེ་རྒྱ་ནག་གི་འཛིན་བཟུང་དོ་དམ་འོག་འདས་གྲོངས་སུ་གྱུར་བའི་བོད་མི་རྣམས་ཀྱི་སྐོར་སྙན་ཐོ་ཐོན་པར་ཧ་ཅང་ཐུགས་འཚབ་གནང་གི་ཡོད་པའི་སྐོར་དང་། ཁེ་ན་ཌས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་རྣམས་འཛིན་བཟུང་བྱས་པའི་སྐོར་གླེང་སློང་གནང་ཡོད། ཅེས་གསུངས།
རྒྱལ་ཚོགས་ཀྱི་འཇར་མན་ནིའི་སྐུ་ཚབ་མ་ཡི་ཀེལ་ (Michael von Ungern-Sternberg) ལགས་ཀྱིས། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ཐུགས་འཚབ་དང་། འཛིན་བཟུང་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྒྱབ་སྐྱོར་བ་རྣམས་གློད་བཀྲོལ་གཏོང་དགོས་པའི་དགོས་འདུན་བཏོན་ཡོད། རྒྱལ་ཚོགས་ཀྱི་ཨོ་ཊི་རི་ཡའི་སྐུ་ཚབ་ཨེ་ལི་ཛེ་བྷི་ཐི་ (Elisabeth Tichy-Fisslberger) ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་བ་རྣམས་ཀྱིས་གཙོས་གྲངས་ཉུང་མི་རིགས་ཁག་གི་འགྲོ་བ་མིའི་ཐོབ་དང་། ཆོས་དད་རང་དབང་། སྨྲ་བརྗོད་རང་དབང་སོགས་ཀྱི་སྐོར་གླེང་སློང་ཤུགས་ཆེ་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་བོད་མི་དང་ཡུ་གུར་བ་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་འབོད་སྐུལ་གནང་ཡོད།རྒྱལ་ཚོགས་ཀྱི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐུ་ཚབ་སྐུ་ཞབས་པེ་ཊར་ (Petr Gajdusek) ལགས་ཀྱིས། རྒྱ་ནག་གིས་བོད་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་ཐད་བརྡ་ལན་གནང་དགོས་པའི་འབོད་སྐུལ་གནང་ཡོད། རྒྱལ་ཚོགས་ཀྱི་ཌེན་མག་གི་སྐུ་ཚབ་མོར་ཊན་ (Morten Jespersen) ལགས་ཀྱིས། རྒྱ་ནག་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་ཐུགས་འཚབ་གནང་གི་ཡོད་པའི་སྐོར་གསུངས། རྒྱལ་ཚོགས་ཀྱི་ཕིན་ལེནྜའི་སྐུ་ཚབ་ལྕམ་སྐུ་ཀིར་སི་ཊི་ཀོ་པི་ (Kirsti Kauppi) ལགས་ཀྱིས་རྒྱ་ནག་ལ་བོད་མི་དང་ཡུ་གུར་བ་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་དགོས་པའི་འབོད་སྐུལ་གནང་ཡོད།
རྒྱལ་ཚོགས་ཀྱི་ནི་དར་ལེནྜའི་སྐུ་ཚབ་ལྕམ་སྐུ་ནཱ་ཐ་ལེ་(Nathalie Olijslager) ལགས་ཀྱིས། རྒྱ་ནག་གིས་བོད་དང་། ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་ནང་སྨྲ་བརྗོད་རང་དབང་དང་དྲ་ཐོག་གི་གནས་ཚུལ་ཐོག་དམ་བསྒྲགས་བྱེད་བཞིན་པར་ཐུགས་འཚབ་དང་། རྒྱ་ནག་གིས་འཛམ་གླིང་གི་རྒྱལ་ཁབ་གཞན་ལས་ལྷག་གསར་འགོད་པ་མང་ཤོས་བཙོན་འཇུག་བྱས་ཡོད་སྟབས་དེ་དག་ཚང་མ་གང་མགྱོགས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད།
སུད་སིའི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་དང་འཕྲིན་ལས་ཆོས་སྐྱིད་ལགས་རྣམ་གཉིས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་གིས་བོད་ནང་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལག་བསྟར་དང་མནར་སྤྱོད་གཏོང་བཞིན་པ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པའི་རྒྱ་ནག་ལ་ཤུགས་རྐྱེན་སྤྲད་རོགས། ཞེས་འབོད་སྐུལ་ཞུས་ཡོད། །