ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༤ རེས་གཟའ་ཉི་མ།༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་དད་ལྡན་མི་མང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༣ ཉིན་མགོན་པོ་གང་ཉིད་མཆོག་གིས་སོག་པོའི་དད་ལྡན་མི་མང་གཙོ་བོར་གྱུར་པའི་དད་ལྡན་མང་ཚོགས་ལ་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་དང་། སེམས་བསྐྱེད་ཀྱི་ཆོས་འབྲེལ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་གསུང་ཆོས་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། ད་རེས་དྲ་ལམ་བརྒྱུད་ཆེན་པོ་ཧོར་གྱི་ཡུལ་གྱི་དགའ་ལྡན་དགོན་པས་གཙོས་ཁྱོད་རང་ཚོར་རྗེ་རིན་པོ་ཆེས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་བྱེད་པ་རེད། དེར་དམིགས་བསལ་ཞིག་ཡོད། རྗེ་རིན་པོ་ཆེའི་གསུང་ཐོར་བུའི་ནང་ལ་བལྟས་ན། ཚ་ཁོ་དབོན་པོ་ངག་དབང་གྲགས་པས་ས་ཐག་རིང་པོ་རྒྱ་མོ་རོང་ནས་རྗེ་རིན་པོ་ཆེ་ལ་གདམས་ངག་བསྡུས་བསྡུས་ཤིག་གནང་རོགས་ཞེས་ཞུས་པ་རེད། རྗེ་རིན་པོ་ཆེས་ལམ་གཙོ་མཛད་པ་རེད། རྗེ་རིན་པོ་ཆེའི་གསུང་ཐོར་བུ་རུ། ཁོ་བོས་སྨྲས་པའི་རྗེས་སུ་ཞུགས་ཤིག་དང༌། །ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན། ། མཚུངས་པར་སྤྱད་དེ་ནམ་ཞིག་སངས་རྒྱས་ཚེ། །བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ། །ཞེས་རྗེ་རིན་པོ་ཆེས་དངོས་སུ་ཚ་ཁོ་དབོན་པོ་ངག་དབང་གྲགས་པ་ལ་ངས་བཤད་པ་ལྟར་ཟབ་པ་དང་རྒྱ་ཆེ་པའི་རིམ་པ་དག་ཉམས་བཞེས་ཚུལ་བཞིན་གནང་ཤོག ཚེ་རབས་ཀུན་འབྲལ་བ་མེད་པ་དང་། མཐར་རྗེ་རིན་པོ་ཆེ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་མཛད་པའི་ཚེའང་འཁོར་གྱི་ཐོག་མར་སྐྱེ་པའི་རྟེན་འབྲེལ་ཡོད་ཅེས་གསུངས་པ་རེད།དེར་བརྟེན་རྗེ་རིན་པོ་ཆེས། གཏན་གྱི་མདུན་མ་མྱུར་ཏུ་སྒྲུབས་ཤིག་བུ། །ཞེས་ཉེ་ཚིག་སྨོས་པ་དེའི་ནང་དུ་ང་ཚོའང་ཚུད་ཡོད། ངོས་ཀྱི་ངོས་ནས་བཤད་ན། རྗེ་རིན་པོ་ཆེ་དང་ངེད་གཉིས་ཕ་ཡུལ་གཅིག་པ་རེད། རྗེ་རིན་པོ་ཆེ་འཁྲུངས་སའི་སྐུ་འབུམ་དང་ངོས་རང་གི་སྐྱེས་ཡུལ་སྟག་འཚེར་ཧ་ཅང་ཐག་ཉེ་བོ་རེད། རྗེ་རིན་པོ་དང་ཕ་ཡུལ་གཅིག་པ་ཡིན་པའི་ཆ་ནས་སེམས་ཐག་ཉེ་པོར་གྱུར་བ་ཞིག་ཡོད། སྒྲུབས་ཤིག་བུ་ཞེས་པའི་ཉེ་ཚིག་སྨོས་པ་དེའི་ནང་དུ་ང་ཚོའང་ཚུད་ཡོད་པ་དང་། ཡོད་པ་དེ་ཤེས་པར་བྱས་ནས་རྗེ་རིན་པོ་ཆེས་ཐུགས་བརྩེ་བ་དང་ཉེ་བོ་བྱས་ནས་གསུངས་པའི་གདམས་པ་དེར་ཉམས་ལེན་ཚུལ་བཞིན་དུ་བྱེད་པར་བསམ་བློ་གཏོང་དགོས། མཁྱེན་སོང་ངམ།
སངས་རྒྱས་བཅོམ་ལྡན་འདས་ཀྱིས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་འགྱུར། །ཞེས་གསུངས་ཡོད། ང་ཚོའི་སྡུག་བསྔལ་གྱི་རྒྱུ་སྡིག་པ་ཞེས་པ་དེ་བཅོམ་ལྡན་འདས་ཀྱིས་ཆུར་བཀྲུས་ནས་དག་པར་བྱེད་པ་ཡོད་མ་རེད། ལས་ཉོན་གཉིས་ཀྱིས་བསྐྱེད་པའི་སྡུག་བསྔལ་དེ་ཕྱག་གོས་སེལ་བ་མེད། བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་ལ་ཡོད་པའི་ཟབ་པ་དང་རྟོགས་པའི་ཡོན་ཏན་དེ། གདུལ་བྱ་མོས་པ་ཆེན་པོ་ཡོད་མཁན་ཞིག་ལ་ཐུགས་བརྩེ་བའི་སྒོ་ནས་འཇུག་པ་ཡོད་པ་མ་རེད་ཅེས་གསུངས་པ་རེད།ནང་པའི་འགྲོ་སྟངས་ནི། བདག་ཉིད་བདག་གི་མགོན་ཞེས་སོ་སོ་རང་གིས་ཉམས་ལེན་བྱས། ཐོག་མར་ཐོས་བསམ་སློབ་གཉེར་བྱས་ཏེ། ཐོས་བྱུང་གི་ཤེས་རབ་བསྐྱེད། ཐོས་པའི་དོན་དེ་ལ་ཉིན་དང་མཚན་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད། དཔྱད་དོན་ལ་སེམས་ལྷན་ནེ་འཇོག་པའི་དཔྱད་འཇོག་ཟུང་སྦྲེལ་ཐོག་ནས་འགྲོ་དགོས་པ་དེ་འགྲོ་སྟངས་རེད། རྗེ་རིན་པོ་ཆེས་ལེགས་བཤད་པོ་ཏི་བཅོ་བརྒྱད་མཛད་པ་ནི་རྗེས་འཇུག་གདུལ་བྱའི་ཆེད་དུ་མཛད་པ་རེད། རྗེ་རིན་པོ་ཆེའི་ཐུགས་རྒྱུད་ལ་ཡོད་པའི་རྟོགས་པའི་ཡོན་ཏན་དེ་འདྲ་ཞིག་ང་ཚོའི་རྒྱུད་ལ་ཡོང་པར་པོ་ཏི་བཅོ་བརྒྱད་ལ་ཞིབ་འཇུག་དང་སློབ་སྦྱོང་། བསྒོམ་བརྒྱབ་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་འགྲོ་ཐུབ་པ་ཞིག་དགོས།
ངོས་རང་རྗེ་རིན་པོ་ཆེ་དང་ཕ་ཡུལ་གཅིག་པ་ཡིན་པས་ཞེན་ཁོག་ཏོག་ཙམ་ཡོད། རྗེ་རིན་པོ་ཆེའི་གསུང་དག་ལ་ཡང་ནས་ཡང་དུ་མཇལ་གྱིན་ཡོད། རྗེ་རིན་པོ་ཆེའི་གསུང་གི་ཁུངས་གཏུགས་ས་གཙོ་བོ་ནི་ཀླུ་སྒྲུབ་ཡབ་སྲས། དེ་ལས་ཀྱང་ཟླ་བ་གྲགས་པ་གཙོ་བོ་རེད། ཟླ་བ་གྲགས་པའི་དབུ་མ་འཇུག་པ་དང་འཇུག་པ་རང་འགྲེལ་རྒྱུན་ཏུ་ཉར་ནས་བཀླགས་ཀྱི་ཡོད། སྟོང་ཉིད་ཀྱི་ལྟ་བའི་སྐོར་ལ་དྲང་ངེས་ལེགས་བཤད་སྙིང་པོ་དང་། ཟླ་བ་གྲགས་པའི་དབུ་མ་འཇུག་པ་དང་འཇུག་པ་རང་འགྲེལ་སྟེང་ནས་ཉིན་ལྟར་བསམ་བློ་གཏོང་གི་ཡོད། བྱང་ཆུབ་ཀྱི་སེམས་སྐོར་ལ་སློབ་དཔོན་ཞི་བ་ལྷའི་སྤྱོད་འཇུག་དེ་ཧ་ཅང་ཟབ་པོ་རེད། དེར་བརྟེན་བྱང་ཆུབ་སེམས་ཀྱི་བདག་གཞན་མཉམ་བརྗེ་ཞི་བ་ལྷའི་གཞུང་ལ་བརྟེན་ནས་བསམ་བློ་བཏང་སྟེ་སྒོམ་རྒྱག་གི་ཡོད། ལྟ་བའི་སྐོར་ལ་གཙོ་བོ་ཟླ་བ་གྲགས་པའི་གཞུང་ལ་བརྟེན་གྱིན་ཡོད། རྩ་བ་ཤེས་རབ་ཀྱི་རྩ་བ་ཡིན་ནའང་རྗེ་རིན་པོ་ཆེའི་རྟེན་འབྲེལ་བསྟོད་པ་ལས། ཀླུ་སྒྲུབ་གཞུང་ལུགས་ཀུན་དའི་ཚལ། །དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །མཐར་འཛིན་སྙིང་གི་མུན་པ་སེལ། །ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ། ། དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །འོད་དཀར་འཕྲེང་བས་གསལ་བྱས་པ། །བླ་མའི་དྲིན་གྱིས་མཐོང་བའི་ཚེ། །བདག་གི་ཡིད་ཀྱིས་ངལ་གསོ་ཐོབ། ། ཅེས་གསུངས་པ་ལྟར་རེད།ང་ཚོའི་ཉམས་ལེན་གཙོ་བོའི་དམིགས་ཡུལ་ནི་སངས་རྒྱས་ཀྱི་གཟུགས་སྐུ་འཐོབ་པ། གཞན་དོན་རྒྱ་ཆེན་པོ་ཡོང་བ་ལ་སངས་རྒྱས་ཀྱི་གཟུགས་ཀྱི་སྐུ་དེ་དགོས་པ་རེད། ལས་དག་ཚོའི་ངོས་ལ་ལུང་སྐུའི་རྣམ་པ་དང་སོ་སོ་སྐྱེ་བོ་ཐ་མལ་བ་བསོད་ནམས་བསགས་ཡོད་པ་ཚོ་ལ་མཆོག་གི་སྤྲུལ་སྐུའི་རྣམ་པ་བསྟན་ཏེ། ཆོས་སྐུ་དང་ལོངས་སྐུའི་སྐུ་དེ་འདྲ་ཞིག་ཡོང་བ་ལ་གཞན་དོན་འབད་མེད་ལྷུན་གྲུབ་ཡོང་བར་སྔོན་ལ་རྒྱུད་སྟེང་གི་དྲི་མ་མཐའ་དག་སྦྱངས་པ་ཞིག་དགོས་པ་རེད། དེ་ལ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཟུང་དུ་འབྲེལ་ནས་ཉམས་ལེན་བྱེད་དགོས་པ་ཞིག་རེད། ངས་འདིར་ཆོས་བཤད་ཀྱི་ཡོད་པ་རེད། ངོས་ཀྱི་ངོས་ནས་ཀྱང་ཞོགས་པར་གཉིད་སད་པ་ནས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་ནས་བསྡད་ཡོད། རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པའི་སྟེང་ནས་བསམ་བློ་ཞིག་བཏང་། ལྟ་བའི་སྐོར་ལ་བསམ་བློ་གཏོང་ས་ནི་དབུ་མ་འཇུག་པ་ལས། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་བས་དངོས་པོ་འཇིག་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུ་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །ཞེས་སོགས་ཀྱི་ཤོ་ལོ་ཀ་གསུམ་དེར་ཉིན་ལྟར་བསམ་བློ་གཏོང་བཞིན་ཡོད། གོང་དུ་བརྗོད་པ་ལྟར་རྗེ་རིན་པོ་ཆེའི་ཕ་ཡུལ་གཅིག་པའི་ཞབས་འདྲེན་རང་བྱེད་མེད།ལྷག་མཐོང་ཆེ་ཆུང་གཉིས་དང་དབུ་མ་དགོངས་པ་རབ་གསལ། རྩ་བ་ཤེས་རབ་འགྲེལ་བ་རྩ་ཤེས་ཊཱིཀ་ཆེན། ལེགས་བཤད་སྙིང་པོ་བཅས་ལྔ་པོར་རྒྱུན་དུ་ཡང་ཡང་བལྟ་དགོས། དབུ་མ་ཐལ་འགྱུར་པའི་ལྟ་བ་ཕྲ་ཞིང་ཕྲ་བ་ལ་ཡ་ང་མི་དགོས་པ་ཞིག་ཡོང་གི་རེད་ཅེས་སྔོན་མ་རྒན་ཏྲེ་ཧོར་སྐྱོར་དཔོན་གྱི་གསུང་རྒྱུན་ཡོད་པ་རེད། ང་རང་ཚོས་རྗེ་རིན་པོ་ཆེའི་ལེགས་བཤད་དག་ཆོས་ཀློག་པའི་སྐབས་དུས་ལ་བཀླགས་པ་ཙམ་མིན་པར། རྒྱུན་དུ་དུས་ནས་དུས་སུ་ཡང་ཡང་བལྟ་དགོས་པ་རེད། སྤྱོད་འཇུག་བལྟས་ནས་སེམས་བཟང་པོར་འགྱུར་བ་ཐེབས་པ་ཞིག་དང་། རྗེ་རིན་པོ་ཆེའི་གཞུང་དག་ལ་དབུ་མའི་ལྟ་བ་ལ་སེམས་གཏིང་ནས་ཡིད་ཆེས་སླེབས་པ་ཞིག་དང་། དེ་ལ་རྒྱུ་མཚན་འདུག དངོས་གནས་རེད་སྙམ་ནས་བློར་ངེས་པ་ཐོབ་པ་ཞིག་ཡོང་གི་རེད།
ངོས་ཀྱིས་ཧམ་པ་བཤད་པ་མ་རེད། ཉིན་ལྟར་བསམ་བློ་གཏོང་གི་ཡོད། བསམ་བློ་བཏང་བའི་ལག་རྗེས་སུ་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་ཀྱི་ལྟ་བ་ལ་གོ་བ་ཙམ་མིན་པར་ཚོར་བ་ཤུགས་དྲག་པོ་ཡོང་གི་འདུག དེ་སླེབས་པའི་རྐྱེན་གྱིས་སེམས་ལ་ཞི་བདེ་ཡོང་བ། རྐྱེན་ངན་གང་འདྲ་ཞིག་འཕྲད་ན་རྐྱེན་ངན་བྱང་ཆུབ་ལམ་ཏུ་བསྒྱུར་ཐུབ་པ་ཞིག་ཡོང་གི་འདུག འཕྲལ་དུ་སེམས་སྐྱིད་པ། ལུས་བདེ་པ། ཕུགས་ལ་ཚེ་རབས་ནས་ཚེ་རབས་སུ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱིས་རྗེས་སུ་བཟུང་ནས། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །ཅེས་སྨོན་ལམ་འདེབས་པ་ཚིག་སྐམ་པོའི་སྨོན་ལམ་ཙམ་མིན་པར། ཁ་ཡོད་ལག་ཡོད་ལ་སྨོན་ལམ་དེ་འགྲུབ་ཐུབ་པ་ཞིག་ང་རང་ཙམ་མིན་པར། ང་ལ་ཡིད་ཆེས་བྱས་ནས་སྨོན་ལམ་འདེབས་མཁན་སོག་པོ་ཚོ་ཡོད་པ་རེད། བོད་གངས་ཅན་གྱི་ལྗོངས་སུ་ དངོས་གནས་དད་ལྡན་གྱི་དད་པ་དང་འདུན་པ་རྩེ་གཅིག་བྱས་ནས་ཡོད་པ་རེད། དེ་དག་ཚང་མར་ངོས་ཀྱིས་སྣེ་དྲངས་ནས་ས་ལམ་རིམ་གྱིས་བགྲོད་ནས་མཐར་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ཐུབ་པའི་སྨོན་ལམ་བརྒྱབ་ནས་བསྡད་ཡོད། འབད་བརྩོན་བྱས་ནས་བསྡད་ཡོད། སེམས་བསྐྱེད་བསྡད་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །