ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༣ རེས་གཟའ་སྤེན་པ།༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་དད་ལྡན་མི་མང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༢ ཉིན་མགོན་པོ་གང་ཉིད་མཆོག་གིས་སོག་པོའི་དད་ལྡན་མི་མང་གཙོ་བོར་གྱུར་པའི་དད་ལྡན་མང་ཚོགས་ལ་ཉིན་གྲངས་གཉིས་རིང་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་གཙོ་རྣམ་གསུམ་གྱི་ཆོས་འབྲེལ་སྩལ་བཞིན་ཡོད་པ་ལྟར་ཉིན་དང་པོར་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཤད་ལུང་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་གཟིམ་ཆུང་ཕོ་བྲང་ནས་བཀའ་སློབ་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་དོན། ང་ཚོ་ཚང་མས་དགའ་ལྡན་ལྷ་བརྒྱ་མ་འདོན་གྱི་ཡོད། སྙིགས་མའི་དུས་འདིར་མང་ཐོས་སྒྲུབ་ལ་བརྩོན། །ཆོས་བརྒྱད་སྤངས་པའི་དལ་འབྱོར་དོན་ཡོད་བྱས། །མགོན་པོ་ཁྱོད་ཀྱི་རླབས་ཆེན་མཛད་པ་ལ། །བདག་ཅག་བསམ་པ་ཐག་པས་ཡི་རང་ངོ་། ། ཞེས་རྗེ་རིན་པོ་ཆེའི་རྣམ་ཐར་ལ་རྗེས་སུ་ཡི་རང་བྱེད་སྟངས་དེ་ལྟར་གསུངས་པ་རེད།ང་ཚོ་རྗེ་བླ་མའི་རྗེས་འཇུག་ཡིན་པས་མང་ཐོས་སྒྲུབ་ལ་བརྩོན་པ་དེ་གལ་ཆེན་པོ་རེད། ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་ཡོད་ནའང་སོ་སོ་མཁས་འདོད་གྲགས་འདོད་ཀྱི་བསམ་བློ་བཏང་བ་ཡིན་ན། ཆོས་ལ་སློབ་སྦྱོང་བྱས་ཀྱང་ཆོས་ཆོས་སུ་འགྲོ་བར་ཐེ་ཚོམ་རེད། འཇིག་རྟེན་ཆོས་བརྒྱད་དང་མ་འབྲེལ་བ་བྱེད་དགོས། སངས་རྒྱས་བཅོམ་ལྡན་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་ཏུ་ཚོགས་བསགས་པའི་སྐབས་སུའང་འཇིག་རྟེན་གྱི་ཆོས་བརྒྱད་དགོངས་པར་བཞེས་ནས་འགྲོ་བཞིན་ཡོད་པ་མ་རེད།
སྐབས་སུ་བབ་པ་རྗེ་རིན་པོ་ཆེ་ལ་མཚོན་ནའང་། ཕ་ཡུལ་ནས་ལྷ་སར་ཕེབས། སྐབས་དེར་བཤད་གྲྭ་ཡོད་སའི་དགོན་པ་ཆེ་ཁག་ཚོའི་ནང་དུ་སློབ་གཉེར་གནང་ཞིང་། གྲྭ་སྐོར་གནང་སྟེ་མཁས་པའི་སྙན་གྲགས་ཅན་ཞིག་རེད། འོན་ཀྱང་ཐོས་དོན་སྒྲུབ་ལ་གཞོལ་བ་གལ་ཆེན་པོ་ཡིན་པས་བྱ་བྲལ་ལ་ཕེབས་པ་རེད། འོལ་ཁ་སོགས་སུ་ཕེབས་ནས་བསགས་སྦྱངས་གནང་བ་དང་། ལྷ་སྡིངས་དབེན་རི་ཁྲོད་དུ་སྟོང་ཉིད་བསྒོམ་ནས། རྗེའི་གསང་བའི་རྣམ་ཐར་ལས། རྒྱལ་སྲས་ཀླུ་སྒྲུབ་ཡབ་སྲས་གཙོ་འཁོར་ལྔ། །ཟབ་མོ་རྟེན་འབྱུང་གཏམ་གྱི་བགྲོ་བ་མཛད། །དེ་ཡི་ནང་ནས་དཔལ་ལྡན་སངས་རྒྱས་བསྐྱངས། །རྒྱ་དཔེས་བྱིན་བརླབས་འཕགས་པའི་དགོངས་པ་འཁྲུངས། །ཞེས་གསུངས་པ་ལྟར། དེ་དུས་མཚན་ལམ་དང་དག་སྣང་གི་ཚུལ་དུ་ཀླུ་སྒྲུབ་ཡབ་སྲས་གཙོ་འཁོར་དེ་དག་གིས་ཞལ་གཟིགས་ཤིང་། དཔལ་ལྡན་སངས་རྒྱས་བསྐྱངས་ཀྱིས་བུད་དྷ་པཱ་ལི་ཏའི་དཔེ་ཆས་རྗེ་རིན་པོ་ཆེའི་དབུ་ལ་བྱིན་རླབས་གནང་བའི་མཚན་མ་བྱུང་བ་རེད།ཉིན་དེར་བུད་དྷ་པཱ་ལི་ཏར་གཟིགས་དུས། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། ། ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་གལ་ཏེ་ཕུང་པོ་རྣམས་ལས་གཞན་ཞེས་པའི་ཚིག་འགྲེལ་ལ་གཟིགས་དུས། རྗེ་རིན་པོ་ཆེས་བརྟེན་ནས་འབྱུང་བའི་རྒྱུ་མཚན་གྱིས་དངོས་པོ་རྣམས་རང་བཞིན་མེད་པ་དང་། བརྟེན་ནས་འབྱུང་བ་ཞེས་པ་བརྟེན་ནས་བཏགས་པ། བརྟེན་ནས་བཏགས་པ་ཡིན་སྟབས་རང་དབང་གིས་གྲུབ་མེད་པར་ཐུགས་ལ་སྒྲོ་འདོགས་ཆོད་ནས་སྟོང་ཉིད་རྟོགས་པའི་མཛད་པ་མཛད་པ་རེེད།
རྗེ་རིན་པོ་ཆེས་སྟོང་ཉིད་ལྟ་བ་གང་འདྲ་ཞིག་གཟིགས་ཡོད་པ་ལམ་རིམ་ཆེ་ཆུང་གཉིས་ཀྱི་ལྷག་མཐོང་ཆེ་ཆུང་གཉིས་དང་། དྲང་ངེས་ལེགས་བཤད་སྙིང་པོ། རྩ་བ་ཤེས་རབ་ཀྱི་རྣམ་བཤད་དང་འཇུག་པའི་རྣམ་བཤད་གཉིས་བཅས་ལ་བལྟས་ན། རྗེ་རིན་པོ་ཆེས་མིང་རྐྱང་བཏགས་ཡོད་ཙམ་མ་གཏོགས་ངོ་བོ་ཉིད་ཀྱིས་གྲུབ་པའི་སྟོང་པ་དེ་ཐུགས་ལ་ཆུད་ནས་ཡོད་པ་ཧ་ཅང་གསལ་པོ་རེད། རྗེ་རིན་པོ་ཆེའི་ལམ་རིམ་ཆུང་བའི་མཇུག་ལ། དབུ་མ་འཇུག་པ་ལས། གལ་ཏེ་རང་གི་མཚན་ཉིད་བརྟེན་འགྱུར་ན། །དེ་ལ་སྐུར་བས་དངོས་པོ་འཇིག་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུ་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །ཞེས་འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བ། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ་བ། འཇུག་པ་རང་འགྲེལ་ལས་གསུངས་པའི་ཆོས་ཐམས་ཅད་རང་སྟོང་དུ་གསུངས་པ་མི་འཐད་པར་ཐལ་བ། ཞེས་པའི་ཐལ་བ་བཞི་དེ་གསུངས་འདུགརྗེ་རིན་པོ་ཆེས་སྟོང་ཉིད་ཀྱི་ལྟ་བ་ལ་སྒྲོ་འདོགས་དཔྱིས་ཕྱིན་པར་ཆོད་པ་དེ་ལྟར་རེད། ཚིག་བཞི་དེར་ངས་ཉིན་ལྟར་བསམ་བློ་གཏོང་གི་ཡོད། ཐ་སྙད་བདེན་པ་རིགས་པའི་དཔྱད་བཟོད་དུ་ཐལ་བ་སོགས་ཧ་ཅང་ནུས་པ་ཆེན་པོ་རེད། དེ་ལྟར་སྟོང་པ་ཉིད་ཀྱི་ལྟ་བ་ལ་རྗེ་རིན་པོ་ཆེའི་ལེགས་བཤད་དག་རྨད་དུ་བྱུང་བ་རེད། ཡོངས་གྲགས་སུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བདེ་ལམ་དང་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མྱུར་ལམ་དག་ལམ་རིམ་གྱི་རྩ་བའི་གཞུང་ལ་བརྩི་གི་ཡོད་ནའང་། དེ་དག་བཀའ་གདམས་ལམ་རིམ་པའི་དབང་དུ་བྱས་པ་ལས་བཀའ་གདམས་གཞུང་པ་བའི་དབང་དུ་བྱས་པ་ཞིག་མིན་པ་གསལ་བོ་རེད། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོ་ནི་བཀའ་གདམས་ལམ་རིམ་པ་དང་གཞུང་ཆེན་མོའི་དོན་དག་རྡོག་སྒྲིལ་ནས་གསུངས་ཡོད། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོ་ལས། དེ་ལྟར་ན་བདེན་པ་བཞི་ནི་ཐེག་པ་ཆེ་ཆུང་ཀུན་ཏུ་ལན་དུ་མར་གསུངས་ཤིང་། འཁོར་བར་འཇུག་པ་དང་དེ་ལས་ལྡོག་པའི་གནད་རྣམས་བདེ་བར་གཤེགས་པས་བསྡུས་པ་ཡིན་པས་རྣམ་གྲོལ་བསྒྲུབ་པ་ལ་ཤིན་ཏུ་གལ་ཆེ་ཞིང་། ཉམས་ལེན་གྱི་འགག་སྡོམས་ཀྱང་ཆེ་བས་རིམ་པ་དེ་ལྟར་དུ་སློབ་མ་འཁྲིད་དགོས་ཏེ། ཞེས་གསུངས་ནས། བདེན་བཞི་རྣམ་གཞག་ནི་ཐེག་པ་ཆེ་ཆུང་གཞུང་གང་གི་སྐབས་སུའང་རྩ་བ་བྱས་ནས་གསུངས་པས། བཅོམ་ལྡན་འདས་ཀྱི་རྗེས་འབྲང་ཚོས་བདེན་བཞིའི་རྣམ་གཞག་ཁོང་དུ་ཆུད་པར་བྱས་ནས་རང་གི་ཉམས་ལེན་གྱི་གནད་ཐམས་ཅད་བདེན་བཞི་ལ་ཁྲིད་ནས་ཉམས་ལེན་བྱེད་དགོས་པ་རེད་ཅེས་གསུངས་པ་རེད། སྐབས་རེར་བཀའ་གདམས་མན་ངག་པ་ཞེས་གཞུང་ཆུང་ཆུང་ཞིག་གི་སྒང་ལ་འགྲོ་བཞིན་འདུག དེ་དག་གི་རྒྱབ་རྟེན་གཞུང་ཆེན་མོ་དག་དགོས་པ་ཧ་ཅང་གལ་ཆེན་པོ་རེད།དེ་རིང་འདིར་ནཱ་ལེནྡྲའི་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ངས་བྲིས་པ་དེ་རོབ་ཙམ་བཤད་རྒྱུ་ཡིན། སྔོན་ལ་ཡིག་ཆུང་དེ་བཀླགས་པར་འདོད་སོང་། ཅེས་བཀའ་སློབ་སྩལ་རྗེས་དཔལ་ནཱ་ལནྡྲའི་པན་གྲུབ་བཅུ་བདུན་གྱི་གསོལ་འདེབས་བཀའ་རྩོམ་ལྗགས་རྩོམ་གྱི་མཇུག་བྱང་གི་བཤད་ལུང་སྩལ་རྗེས་དངོས་གཞི་དབུ་འཛུགས་ཀྱིས་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས་ཀྱི་བཤད་ལུང་ལེགས་པར་གྲུབ་མཚམས་ཆོས་ཞུ་བ་ཁག་གཅིག་གི་དྲི་བར་བཀའ་ལན་སྩལ་ཡོད་པ་བཅས།།