ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༥ རེས་གཟའ་པ་སངས།༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སིངྒ་པུར་གྱི་བོད་བརྒྱུད་ནང་པའི་ཆོས་ཚོགས་ཀྱིས་ གཙོས་ཚོགས་པ་ཁག་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ཚོགས་ཆེན་གྱི་ནང་པའི་ལྷག་པའི་བསླབ་པ་གསུམ་གྱི་བརྗོད་གཞིའི་ཐོག་ཉིན་གསུམ་རིང་གི་བགྲོ་གླེང་ཉིན་དང་པོར་དྲ་ལམ་བརྒྱུད་དབུ་བཞུགས་དང་བཀའ་སློབ་སྩལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་མགོན་པོ་གང་ཉིད་མཆོག་གཟིམ་ཆུང་ནས་བཀའ་སློབ་གནང་ཡུལ་དུ་ཆིབས་སྒྱུར་གྱིས་བཞུགས་ཁྲིར་འཁོད་མཚམས་སིངྒ་པུར་བོད་བརྒྱུད་ནང་བསྟན་ཚོགས་པའི་ཚོགས་གཙོ་ཝེ་ནེ་ (Wee Nee) ལགས་ཀྱིས་རྒྱལ་སྤྱིའི་ནང་པའི་ཚོགས་ཆེན་ངོ་སྤྲོད་དང་། བགྲོ་གླེང་ལྷན་ཚོགས་འདི་བཞིན་ཚོགས་པ་སྡེ་ཚན་བཅུ་གཉིས་ཀྱིས་ལྷན་དུ་གོ་སྒྲིག་ཞུས་སྐོར། ཉིན་གྲངས་གསུམ་རིང་གི་བགྲོ་གླེང་གཙོ་སྐྱོང་གནང་མཁན་རྣམས་རིམ་པར་སྙན་སེང་ཞུས་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་འདིར་ནང་པའི་ཡུལ་གྲུ་ཁག་ཁ་ཤས་ཀྱི་གཙོ་བོ་འདུལ་བ་འཛིན་པ་ཚོ་ཚོགས་ནས་ངོས་ལའང་བཀའ་མོལ་ཞུ་རྒྱུའི་གོ་སྐབས་བྱུང་བ་གཟི་བརྗིད་དང་ཧ་ཅང་དགའ་བོ་བྱུང་།
ཁྱོད་རང་ཚོ་མུ་མཐུད་ནས་ཚོགས་ཀྱི་ཡོད་སྟབས་གོ་བསྡུར་བྱེད་རྒྱུ་སོགས་ལྷུག་པོ་ཡོང་བའི་རེ་བ་ཡོད། གོ་བསྡུར་བྱེད་སྐབས། དཔེར་ན་ང་རང་ཚོས་གཞུང་ཆེན་ལ་ལྟ་བའི་སྐབས་སུ་དགག་གཞག་སྤང་གསུམ་ཞེས་གཞན་ལུགས་དགག་པ། རང་ལུགས་འཇོག་པ། དེ་ལ་རྩོད་པ་སྤོང་བ་ཞེས་སོ་སོའི་རང་ལུགས་གཞག་པ་དེ་གཅིག་པུ་མར་བཤད་པ་མིན་པར་མཐའ་ཆོད་པའི་ཆེད་དུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། དེར་བརྟེན་ཁྱོད་ཚོར་གོ་བསྡུར་ཞིབ་ཚགས་པོ་ཞིག་ཡོང་ཐུབ་པའི་རེ་བ་ཡོད།གང་ལྟར་སངས་རྒྱས་པའི་ཆོས་འདི་ལོ་ ༢༥༠༠ ལྷག་ཕྱིན་པའི་ཆོས་བརྒྱུད་ཅིག་ཆགས་ཡོད། དེང་སང་འཛམ་གླིང་འདིར་དེ་སྔ་ནང་པ་མིན་པ་ཚོས་ཀྱང་བརྟག་དཔྱད་བྱེད་སྐབས་དམིགས་བསལ་ཞིག་ཡོད་པ་དང་། མདོར་ན་ཚན་རིག་པའི་ནང་ནས་ཀྱང་དོ་སྣང་བྱེད་མཁན་ཡོང་གི་འདུག ང་ཚོས་ནམ་རྒྱུན་ཐེག་པ་ཆེན་པོ་དང་ཐེག་པ་ཆུང་ངུ་ཞེས་བརྗོད་ཀྱི་ཡོད་པ་རེད། ཚིག་དེ་ཡག་པོ་མི་འདུག ངོས་ཀྱིས་ནམ་རྒྱུན་ལེགས་སྦྱར་གྱི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་ཅེས་སྐད་ཡིག་གི་ཐོག་ནས་དབྱེ་བ་འབྱེད་ཀྱི་ཡོད། པཱ་ལིའི་ཆོས་བརྒྱུད་ནང་དུ་འདུལ་བའི་ཉམས་བཞེས་དང་བསླབ་པ་གསུམ་གྱི་ཉམས་བཞེས་གཞི་རྩ་བྱས་ནས་ཡོང་གི་ཡོད། དེ་བཞིན་ནཱ་ལེནྡྲའི་ལེགས་སྦྱར་གྱི་ཆོས་བརྒྱུད་ལ་ཆ་བཞག་ནའང་བསླབ་པ་གསུམ་གྱི་ཉམས་ལེན་དེ་གཙོ་བོ་རེད། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་སོགས་ཚང་མ་དགེ་སློང་འདུལ་བ་འཛིན་པ་ཤ་སྟག་རེད།
ང་ཚོས་མིག་དཔེ་ལྟ་ས་ནི་བཅོམ་ལྡན་འདས་རེད། བཅོམ་ལྡན་འདས་ཁོང་ཡང་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་དང་། རབ་བྱུང་གི་སྒོ་ནས་བསྙེན་པར་རྫོགས་ཏེ་ཆོས་བསྟན་ཡོང་སྐབས་འདུལ་བའི་ཉམས་ལེན་རྣམས་གཞི་མར་བཞག་པ་དེ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། དེ་ནས་གཞི་རྩ་དགེ་ཚུལ་དང་དགེ་བསྙེན་ཡོད་ཀྱང་གཙོ་བོ་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་དེ་མཆོག་ལ་བརྩི་གི་ཡོད། པཱ་ལིའི་གཞུང་གི་ནང་དུ་ཆ་བཞག་ནའང་འདུལ་བའི་ཉམས་ལེན་དེ་རྨང་གཞི་ཆགས་འདུག ལེགས་སྦྱར་གྱི་ཆོས་བརྒྱུད་ལ་ཆ་མཚོན་ནའང་འདུལ་བའི་ཉམས་བཞེས་དེ་གཙོ་བོ་ཆགས་ཡོད།སྤྱིར་ངོས་ལ་ཆ་བཞག་ན་མི་ཞིག་ཡིན་པའི་ཆ་ནས་འཛམ་གླིང་འདིར་བྱམས་བརྩེ་གོང་མཐོར་སྤེལ་རྒྱུ་དང་། དེ་ཡང་སྐྱེ་བ་སྔ་ཕྱི་དང་ཆོས་ལུགས་ཀྱི་སྐད་ཆ་མེད་པར་མི་བཟང་པོ་ཞིག་བྱེད་རྒྱུ་དེ་རིམ་པ་དང་པོར་རྩི་བཞིན་ཡོད། རིམ་པ་གཉིས་པ་ནི་ངོས་རང་ཆོས་པ་ཞིག་རེད། ཆོས་པ་ཞིག་ཡིན་པའི་ངོས་ནས་འཛམ་གླིང་འདིའི་སྟེང་གི་ཆོས་ལུགས་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་སེམས་པ་བཟང་པོ་བྱེད་དགོས་པ་དང་། བྱམས་བརྩེ་ལྡན་པ་ཞིག་བྱེད་དགོས་པ་ཆོས་ལུགས་ཚང་མས་གསུང་བཞིན་ཡོད། ལྟ་གྲུབ་མི་འདྲ་བ་ནི་ནཱ་ལེནྡྲའི་ཆོས་བརྒྱུད་རང་གི་ནང་དུའང་ཡོད་པ་རེད། དེར་བརྟེན་ལྟ་གྲུབ་མི་འདྲ་བ་རྣམས་ནི་ཁམས་དང་མོས་པ་མི་འདྲ་བ་ལ་བརྟེན་ནས་ཡོང་གི་ཡོད་པ་དང་། དེ་དག་ཐམས་ཅད་ཀྱིས་བསླབ་བྱ་གཅིག་གྱུར་ཞིག་ལ་མི་སེམས་པ་བཟང་པོ་བྱེད་དགོས་པ་རེད། གཞན་ཕན་གྱི་ལྷག་བསམ་ཡོད་པ་ཞིག་དགོས་པ་རེད་ཅེས་གསུངས་ཡོད།
འཛམ་གླིང་འདིའི་ཆོས་ལུགས་ལ་གཞི་རྩ་དུམ་བུ་གཉིས་སུ་ཕྱེ་པ་ཡིན་ན་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་བརྒྱུད་གཅིག་དང་། འཇིག་རྟེན་བཀོད་པ་པོ་མི་འདོད་མཁན་གྱི་ཆོས་བརྒྱུད་གཅིག་བྱས་ཏེ་གཉིས་ཀར་ལྟ་གྲུབ་མི་འདྲ་བ་ཡོད་ཀྱང་། འཇིག་རྟེན་བཀོད་པ་པོ་འདོད་མཁན་ཚོས་འཇིག་རྟེན་བཀོད་པ་པོ་བྱམས་བརྩེའི་བདག་ཉིད་རེད། ང་ཚོ་ཚང་མ་བྱམས་བརྩེའི་བདག་ཉིད་དེས་བཀོད་པ་རེད་ཟེར་སྐབས་ཕའི་ཚོད་ལྟ་བུའི་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་དེ་བྱམས་བརྩེའི་བདག་ཉིད་ཡིན་དུས་ང་ཚོ་ཚང་མ་དཀོན་མཆོག་དེས་བཀོད་པའི་དཀོན་མཆོག་གི་སྲས་ལྟ་བུ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ང་ཚོ་ཚང་མས་བྱམས་བརྩེ་ལྡན་པ་ཞིག་བྱེད་དགོས་ཀྱི་འདུག་ཅེས་ཟེར་བ་འཇིག་རྟེན་བཀོད་པ་པོ་འདོད་མཁན་གྱི་ཆོས་ལུགས་ཚང་མས་གསུང་བཞིན་འདུག ལྟ་གྲུབ་མི་འདྲ་བ་ཡོང་གི་ཡོད།ང་རང་ཚོ་སངས་རྒྱས་པའི་ཆོས་ལུགས་ནང་གོང་དུ་ཞུས་པ་ལྟར་ནཱ་ལེནྡྲའི་ཆོས་བརྒྱུད་དང་པཱ་ལིའི་ཆོས་བརྒྱུད་གཉིས་དེ་གཙོ་བོ་སཾ་སྐྲྀ་ཏ་དང་པཱ་ལིའི་སྐད་ལ་བརྟེན་མཁན་མི་འདྲ་བ་གཉིས་འདུག གང་ལྟར་པཱ་ལིའི་གཞུང་རྣམས་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད། ལེགས་སྦྱར་གྱི་ཆོས་བརྒྱུད་ལ་ཆ་བཞག་ནའང་གོང་དུ་ཞུས་པ་ལྟར་འདུལ་བའི་ཉམས་ལེན་རྨང་གཞི་རེད། དེ་ལ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ། ཕལ་ཆེན་སྡེ་པ། གནས་བརྟན་པའི་སྡེ་པ་སོགས་སྡེ་པ་མི་འདྲ་བ་ཁ་ཤས་ཡོད་པ་རེད། ང་ཚོ་བོད་ལ་ཡོད་པ་ནི་ཕལ་ཆེར་གཞི་ཐམས་ཐད་ཡོད་པར་སྨྲ་བའི་སྡེ་པ་རེད། རྒྱ་ནག་ལ་ཡོད་པ་ཆོས་སྲུང་བའི་སྡེ་པ་རེད། སྡེ་པ་མི་འདྲ་བ་ཡོད་ཀྱང་སོ་སོར་ཐར་པ་ང་ཚོ་ཚང་མར་གཅིག་པ་རེད།
པཱ་ལིའི་གཞུང་ནི་སངས་རྒྱས་པའི་ཆོས་ཀྱི་རྨང་གཞི་ཆགས་ཡོད་པ་དང་། རྒྱ་གར་ལ་ནཱ་ལེནྡྲའི་རིག་གཞུང་བསྟི་གནས་ཆགས་ཡོད། སྐབས་དེར་རྒྱ་གར་ལ་ལེགས་སྦྱར་གྱི་སྐད་དེ་ཤེས་ཡོན་ཅན་གྱི་སྐད་ཆགས་ཡོད་པས་ནཱ་ལེནྡྲ་ནས་ནང་པའི་གཞུང་ལེགས་སྦྱར་སྐད་ཐོག་ནས་འགྲོ་རྒྱུ་བྱུང་འདུག ང་ཚོ་བོད་ལ་དུས་རབས་བརྒྱད་པའི་ནང་དུ་མཁན་ཆེན་ཞི་བ་འཚོ་ནཱ་ལེནྡྲ་ནས་ཕེབས་ཡོད། ཆོས་ཁུངས་བཙུན་པ་དེ་རྒྱ་གར་རེད། སྐབས་དེར་བོད་རྒྱ་ནག་དང་འབྲེལ་བ་ཤུགས་ཆེན་པོ་ཡོད། རྒྱ་ནག་གི་ནང་པའང་མང་པོ་ཡོད། འོན་ཀྱང་ཁུངས་གཏུགས་ས་ནི་རྒྱ་གར་ཆགས་ཡོད་པས་བོད་ཀྱི་ཆོས་རྒྱལ་གྱིས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་ཡོད། མཁན་ཆེན་ཞི་བ་འཚོས་བོད་ལ་སྐད་དང་ཡི་གེ་ཟུར་དུ་འདུག་པས་ལེགས་སྦྱར་དང་། པཱ་ལིའི་སྐད་བསླབ་མི་དགོས་པར་ལེགས་སྦྱར་གྱི་གཞུང་དང་པཱ་ལིའི་གཞུང་རྣམས་བོད་ཡིག་ནང་དུ་བསྒྱུར་ནས་ཐོས་བསམ་སྒོམ་བསམ་བྱས་ན་ཡག་པོ་ཡོང་གི་རེད་ཅེས་གསུངས་པ་རེད།ང་ཚོའི་བཀའ་འགྱུར་པོ་ཏི་བརྒྱ་ཡོད་པའི་ནང་དུ་འདུལ་བའི་སྐོར་པོ་ཏི་བཅུ་གསུམ་དང་། མདོ་སྡེ་སྐོར་མང་པོ་ཡོད། མངོན་པའི་སྐོར་ལས་ཤེར་ཕྱིན་གྱི་གཞུང་ཧ་ཅང་མང་པོ་ཡོད། ཁྱོན་བསྡོམས་པོ་ཏི་བརྒྱ་ཡོད་པ་རེད། དེའི་དགོངས་འགྲེལ་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཀྱིས་མཛད་པ་བོད་ཡིག་ནང་དུ་ཡོད་པ་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཙམ་ཡོད་པ་རེད། དེ་ཚང་མ་བོད་སྐད་ནང་དུ་ཐོས་བསམ་སྒོམ་གསུམ་བྱེད་བཞིན་པ་རེད།
དེང་དངོས་ཡོད་གནས་ཚུལ་ལ་བོད་གངས་ཅན་གྱི་ལྗོངས་ལ་ཡོད་པའི་སངས་རྒྱས་ཀྱི་བསྟན་པ་མཁན་ཆེན་ཞི་བ་འཚོས་མཛུབ་སྟོན་ངོ་སྤྲོད་གནང་བའི་གཞུང་དེ་ཧ་ཅང་འདུས་ཆེན་པོ་རེད། གཉིས་ནས་མཁན་ཆེན་ཞི་བ་འཚོ་ཁོང་ཚད་མ་བ་དང་ཚད་མའི་གཞུང་ལ་མཁས་པ་རེད། ཁོང་གིས་ཚད་མའི་གཞུང་ཀྱང་མཛད་ཡོད། བོད་ལ་ཚད་མ་རིག་པའི་གཞུང་འདི་གལ་ཆེན་པོར་བརྩིས་འདུག ཚད་མ་རིག་པའི་ཐོག་ནས་འགྲོ་བཞིན་ཡོད་པས་བརྟག་དཔྱད་ཀྱིས་ལུང་ཙམ་ལ་བརྟེན་པ་མ་ཡིན་པར་རིགས་པ་ལ་བརྟེན་ནས་འགྲོ་དགོས་པ་ཞིག་རེད། ཚད་མ་རིག་པའི་གཞུང་ལ་བརྟེན་པ་ཡིན་ན་དཔྱད་པ་བྱས་ནས་འགྲོ་དགོས།
སྤྱིར་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་ཚད་མའི་གཞུང་དང་མཐུན་པ་བྱས་ནས་འགྲེལ་བཤད་སྐྱོན་གྱི་ཡོད། དམིགས་བསལ་སློབ་དཔོན་ཕྱོགས་གླང་གི་ཚད་མ་ཀུན་བཏུས་དང་། ཆོས་གྲགས་ཀྱིས་རྣམ་འགྲེལ་རྩ་བ་མཛད་ཡོད་པ་དེ་བོད་ལ་སློབ་སྦྱོང་བྱེད་པའི་གཞུང་གཙོ་བོ་ཞིག་ཆགས་ཡོད། ངོས་ལ་ཆ་བཞག་ན་ཆུང་ཆུང་སྐབས་ལོ་བདུན་བརྒྱད་ནས་ཚད་མའི་གཞུང་གི་ཐོག་མའི་རྟགས་གསལ་འགྲོ་བ་ལ་རྟགས་རིགས་བསླབ་ནས་འགྲོ་བ་དང་། དེ་དང་ཆབས་ཅིག་བློ་རིགས་རེད། བོད་ལ་ཚད་མའི་གཞུང་ལ་དོ་སྣང་ཆེན་པོ་བྱས་འདུག ཚད་མའི་གཞུང་འདི་གལ་ཆེན་པོ་རེད། དེང་གི་དུས་སུ་ཚན་རིག་ཧ་ཅང་ཡར་རྒྱས་ཕྱིན་ཡོད། ཚན་རིག་གིས་ནམ་རྒྱུན་བརྟག་དཔྱད་ཀྱི་ལམ་ནས་འགྲོ་བཞིན་ཡོད་པས་ལུང་ཙམ་ལ་སྐྱབས་སུ་སོང་ན་དཀའ་ངལ་ཡོད་པ་རེད། བཅོམ་ལྡན་འདས་ཀྱིས། དགེ་སློང་དག་དང་མཁས་རྣམས་ཀྱིས། །བསྲེག་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་གསུངས་འདུག ཅེས་པཱ་ལིའི་ཆོས་བརྒྱུད་འཛིན་གནང་མཁན་ཚོས་ཀྱང་ཚད་མའི་གཞུང་ལ་ཐུགས་སྣང་གནང་ཐུབ་ན་ཡག་པོ་ཡོད་པ་རེད། ཅེེས་སོགས་ཀྱི་བཀའ་སློབ་སྩལ། །