ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ རེས་གཟའ་ཟླ་བ།༄༅། །སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པ་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ རེས་གཟའ་ཟླ་བ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་རྡ་ས་གངས་ཅན་སྐྱིད་གཤོངས་ཀྱི་གྲོས་ཚོགས་ཁང་དུ་དབུ་འཛུགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་དང་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ། ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་བཅས་ཚང་འཛོམས་ཐོག་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་ཀྱིས་ཐོག་མར་རྟེན་འབྲེལ་གསོལ་ཇ་འབྲས་སིལ་ཕུལ་གྲུབ་རྗེས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ།
དེ་ནས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱ
ལོ་འཁོར་མོ་གཅིག་གི་ནང་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་ཚང་མར་སྐུ་ངལ་ཧ་ཅང་བྱུང་པ་རེད། ལས་དོན་མང་པོ་ཞིག་གནང་མ་ཐུབ་པའི་གནས་བབ་དེ་འདྲ་ཆགས་པ་རེད། ད་རེས་སྟབས་ལེགས་པ་ཞིག་ལ་དེ་རིང་ཚོགས་བཅར་གནང་མཁན་ཚང་མར་ཏོག་དབྱིབས་ཀྱི་ནད་རྟགས་མེད་པའི་ཐོག་ནས་བཅར་པ་འདི་ཚོགས་གཙོ་སྦྲེལ་པོ་དང་སྤྱི་འཐུས་རྒྱུན་ལས་ནི་ཚོགས་འདུ་བསྐོང་ཚོགས་གནང་མཁན་ཡིན་སྟབས། ཧ་ཅང་བློ་བདེ་པོ་བྱུང་། དེའི་སྔོན་ལ་དེ་རིང་གནས་སྟངས་ག་འདྲ་ཆགས་ཡོང་སྙམ་པའི་སེམས་འཚབ་ཧ་ཅང་ཡོད།
ལྷག་པར་ད་ལྟའི་དུས་སུ་རྒྱ་གར་ནང་ཛ་དྲག་ཏུ་འགྲོ་བའི་གནས་བབ་ཆགས་ཀྱི་འདུག ང་ཚོའི་ཁྱིམ་མཚེས་པན་ཇཱབ་མངའ་སྡེའི་ནང་འཕེལ་བཞིན་པའི་གནས་སྟངས་ཆགས་འདུག དེར་བརྟེན་ང་ཚོའི་གྲོས་ཚོགས་འདི་ཉིན་གྲངས་བཅོ་ལྔ་ཆ་ཚང་བ་ཞིག་འཚོགས་ཐུབ་ཀྱི་ཡོད་དང་མེད་ངེས་པ་མི་འདུག འོན་ཀྱང་གནས་སྟངས་གཟིགས་རྒྱུ་རེད། ཉིན་གྲངས་བཅོ་ལྔ་དེ་ཡང་ལས་རིམ་གྲུབ་པ་ཡིན་ན་ངེས་པར་དུ་ཉིན་གྲངས་བཅོ་ལྔ་བཞུགས་དགོས་མེད། དེའི་སྔོན་ལ་གྲོལ་བརྡ་གཏོང་བ་ཡིན་ནའང་མི་ཆོག་པ་གང་ཡང་མེད། ཅེས་ཞུ་རྒྱུ་ཡིན།ད་ལྟའི་ཆར་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་འགྲོ་བཞིན་ཡོད། དེ་སྔའི་གནས་བབ་དང་བསྟུན་ན་ད་རེས་ཀྱི་སྔོན་འགྲོའི་འོས་བསྡུ་འདི་བཀྲ་མ་ཤིས་པ་མ་བྱུང་བའི་ཐོག་ནས་ཕྲ་ལ་ཕྲན་བུ་དཀའ་ངལ་བྱུང་ཡོད་ཀྱི་རེད་མ་གཏོགས། ང་ཚོ་ལ་མི་དགོས་པ་འདི་བྱུང་མ་སོང་སྙམ་པའི་ཚོར་སྣང་བྱུང་། ད་ཆ་དངོས་གཞིའི་འོས་བསྡུ་སླེབ་ལ་ཉེ་བ་ཆགས་ཡོད། གྲོས་ཚོགས་ཀྱི་སྡིངས་ཆ་འདིའི་བརྒྱུད་ནས་སྤྱི་ཚོགས་ནང་ལབ་རྒྱུ་གླེང་རྒྱུ་མེད་པ་བཟོ་དགོས་རྒྱུ་ང་ཚོ་ཚང་མར་འགན་ཡོད། དེར་བརྟེན་བཀའ་མོལ་གནང་སྟངས་ཚིག་མཐོ་དམན་ཕྲན་བུ་བྱུང་བ་ལ་བརྟེན་ནས་སྤྱི་ཚོགས་ནང་ལབ་རྒྱུ་གླེང་རྒྱུ་ཆགས་པ་ཡིན་ན་བློ་ཕམ་པའི་གནས་སྟངས་ཆགས་ཀྱི་རེད། དེར་བརྟེན་ཚང་མས་ཐུགས་འགན་བཞེས་པའི་ཐོག་ནས་གྲོས་ཚོགས་ཀྱི་ལས་རིམ་འདི་བཀྲ་ཤིས་པའི་ངང་ནས་མཇུག་བསྒྲིལ་རྒྱུ་ཞིག་གནང་རྒྱུར་ཚང་མས་མཐུན་འགྱུར་གནང་རོགས་ཞེས་ཞུ་རྒྱུ་ཡིན།
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ནས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ནད་ཡམས་འདི་དང་འབྲེལ་བའི་ཐོག་ལ་ང་ཚོར་ལམ་སྟོན་གནང་བར། གྲོས་ཚོགས་འཚོགས་པའི་རིང་ལ་ཚང་མས་ཞལ་རས་འདི་བསྐྱོན་ནས་བཞུགས་རོགས། འདིས་ཁ་པར་སོགས་ལ་བར་ཆད་གང་ཡང་ཡོང་གི་མ་རེད་ཅེས་གསུང་གི་འདུག ང་རང་ཚོ་ཚོགས་བཅར་བ་འཐུས་མི་སུ་འདྲ་ཞིག་ལའང་ཚ་བ་རྒྱས་པ་དང་། སྣ་ཆུ་འཛག་པ་སོགས་བྱུང་བ་ཡིན་ན། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་ཚེ་རིང་ལྷ་མོ་ལགས་དང་། བསྟན་འཛིན་སྨོན་སྐྱིད་ལགས་རྣམ་གཉིས་ཆེད་དུ་གཉེར་ནས་ནད་ཡམས་འདི་དང་འབྲེལ་བའི་ཐོག་ནས་བརྡ་ལན་གནང་མཁན་ཆགས་ཡོད། གལ་ཏེ་དེ་ལྟར་བྱུང་བ་ཡིན་ན་ཁོང་གཉིས་སུ་རུང་ཞིག་ལ་གསུང་རོགས། ཁོང་རྣམ་གཉིས་ནས་བདེ་ལེགས་སྨན་ཁང་གི་སྨན་པ་བརྩོན་འགྲུས་ལགས་ལ་འབྲེལ་བ་གནང་གི་རེད། དེ་ལ་གཞིགས་པའི་ཁོང་རྣམ་པས་མཐུན་འགྱུར་གནང་གི་རེད་ཅེས་ཞུ་རྒྱུ་ཡིན།
དེ་ནས་གྲོས་ཚོགས་མ་ཚུགས་སྔོན་ལ་ནད་ཡམས་འདི་དང་འབྲེལ་བའི་སྔོན་འགོག་སོགས་ཀྱི་ཐོག་འཕྲོད་བསྟེན་དྲུང་ཆེ་དང་དྲུང་འཕར་ཚོགས་གཙོ་སྦྲེལ་པོར་ཆེད་བཅར་གནང་སོང་། དེའི་རྗེས་སུ་འཕྲོད་བསྟེན་བཀའ་བློན་མཆོག་གིས་དབུས་པའི་འབྲེལ་ཡོད་ལས་བྱེད་ཁག་ཕེབས་སོང་། གང་ལྟར་ང་རང་ཚོའི་ངོས་ནས་ནད་ཡམས་འདི་འགོས་ཁྱབ་མ་ཡོང་བའི་ཆེད་དུ་ཚང་མས་དམ་དོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། ཞེས་གསུང་བཤད་གནང་སྟེ་ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག་གནང་གྲུབ་མཚམས། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་བོད་འབྲི་རུ་རྫོང་ཤག་ཆུ་ཁ་ཟེར་བའི་གྲོང་བརྡལ་དུ་རང་ལུས་མེར་སྲེག་གནང་མཁན་ཤུར་མོ་ལགས་དང་། རྒྱ་གར་གྱི་སྤྱི་ཚོགས་ལས་འགུལ་བ་དང་། ཧར་ཡ་ན་མངའ་སྡེའི་བློན་ཆེན་ཟུར་པ། ཨརྱ་སཱ་མཱ་ཇ་ཚོགས་པའི་དབུ་འཁྲིད་སོ་ཝ་མི་ཨགྷ་ནི་ཝེ་ཤི་ (Swami Agnivesh) མཆོག་དམ་པ་རྣམ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཏོན་གནང་བ་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་ཚོགས་དྲུང་ཟུར་པ་གྲོང་རེ་ཚང་བློ་བཟང་མཁས་གྲུབ་ལགས་དམ་པ་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དབུ་འཁྲིད་རྒན་གྲས་བོད་དོན་རྒྱབ་སྐྱོར་བ་སློབ་དཔོན་ར་གྷུ་ཝན་ཤི་པརཱ་སདྷ་སིངྒ་ (Dr.Raghuvansh Prasad Singh) མཆོག་དམ་པ་རྣམ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་གེ་བ་ཚང་ངག་དབང་ཐར་པ་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐད་བསྐོས་སྤྱི་ཟུར་ལི་ཐང་རྨ་ལུ་ཚང་རྟ་མགྲིན་དབང་རྒྱལ་ལགས་དམ་པ་དང་། བོད་དོན་རྒྱབ་སྐྱོར་བ་རྒན་གྲས་དང་། རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཟུར་པ། རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་གཉིས་པ་པདྨ་ཝི་བྷུ་ཤན་ (Padma Vibhushan) བཞེས་མྱོང་མཁན་ལྕམ་སྐུ་ཀ་པི་ལ་ཝ་ཏི་སེ་ཡ་ཡན་ (Kapila Vatsyayan) མཆོག་དམ་པ་རྣམ་གཉིས་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།
སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་དང་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་སྐུ་ཞབས་ཕུན་ཚོགས་རྣམ་རྒྱལ་མཆོག་དམ་པ་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་ཟུར་པ་སྐུ་ཞབས་ཇ་སི་ཝནྟ་སིངྒ་ (Shri.Jaswant Singh) མཆོག་དམ་པ་རྣམ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་ཀྱིས་ཨ་རིའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་། ཨ་རིའི་སྤྱི་དམངས་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་སྐུ་ཞབས་ཇོན་རོ་བྷར་ཊ་ལེ་ཝི་སི་ (John Robert Lewis) མཆོག་དམ་པ་དང་། རྒྱ་གར་དབུས་གཞུང་གི་བློན་ཆེན་སྐུ་ཞབས་རམ་ཝི་ལ་ས་པས་ས་ཝན་ (Shri.Ram Vilas Paswan) མཆོག་དམ་པ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།
སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་ལགས་ཀྱིས་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་དང་མང་གཙོའི་ཡབ་ཆེན། བོད་དོན་ཐོག་ཁ་ཞེ་གཉིས་མེད་སྒོ་ནས་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ལེ་ཏིང་ཧུའི་ (Lee Teng-hui) མཆོག་དམ་པ་དང་། རྒྱ་གར་དབུས་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་། རྒྱ་གར་གཞུང་ཞབས་ཟུར་པ། དེ་བཞིན་རྒྱ་གར་བྱང་ཤར་ན་ག་ལན་ཌི་མངའ་སྡེའི་ཁོར་ཡུག་བློན་ཆེན་སྐུ་ཞབས་སི་ཨེམ་ཅཱང་ (CM Chang) མཆོག་དམ་པ་རྣམ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར།
སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ཀྱིས་སྤྱི་ཟུར་ཁེ་ཚ་ཨོ་དགའ་ལགས་དམ་པ་དང་། རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཏ་རུན་གྷོ་ག་ཡེ་ (Tarun Gogoi) མཆོག་དམ་པ་རྣམ་གཉིས་ཀྱི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས་རྒྱ་གར་གྱི་སྲིད་འཛིན་ཟུར་པ་དང་། རྒྱ་གར་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་བྷ་རཏ་རཱཏ་ན་ (Bharat Ratna) བཞེས་མྱོང་མཁན་སྐུ་ཞབས་པར་ནབ་མུ་ཁར་ཇི་ (Shri.Pranab Mukherjee) མཆོག་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་སྤྱི་ཟུར་སྔགས་རམས་པ་བིས་མདོ་ཐུབ་བསྟན་འོད་ཟེར་ལགས་དམ་པའི་ཆེད་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་བཅས་བཏོན་གནང་རྗེས། སྤྱི་འཐུས་ཚང་མ་སྐུ་བཞེངས་ཐོག་ངག་བཅད་མྱ་ངན་སྐར་མ་གཅིག་རིང་ཞུས་གནང་། དེ་ནས་སྤྱི་འཐུས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས་བོད་ནང་ཛ་དྲག་གནས་སྟངས་དང་འབྲེལ་བའི་གཞུང་འབྲེལ་གདུང་སེམས་མཉམ་སྐྱེའི་གྲོས་ཆོད་གྲོས་འཆར་བཏོན་གནང་བར། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་རྒྱབ་སྐྱོར་གནང་རྗེས་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་། །