ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༩ རེས་གཟའ་མིག་དམར། ༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་སྤུ་ར་ཝ་ལ་ས་སྐྱ་གཞིས་ཆགས་ཀྱི་ཡོང་འབབ་ལས་གཞི་གཙོ་བོ་ཤིང་འཛུགས་ས་ཁུལ་ ༢ པའི་མཐར་གྱང་རྩིག་ར་སྐོར་སླད་མཐུན་འགྱུར་གནང་པའི་གྱང་རྩིག་ར་སྐོར་གསར་རྒྱག་གི་ལས་འཆར་ལེགས་གྲུབ་ཟིན་ཡོད་སྟབས། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༨ ཉིན་དབུ་འབྱེད་ཀྱི་མཛད་སྒོ་ཞིག་བསྐོང་ཚོགས་གནང་ཡོད།དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོ་དཔལ་ས་སྐྱ་༸གོང་མ་ཁྲི་འཛིན་མཆོག་དང་དམིགས་བསལ་སྐུ་མགྲོན་ས་གནས་ཀྱི་ཤིང་ནགས་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ཀུ་ནཱལ་ཨང་རིཤ་ Kunal Angrish ལགས། ས་གནས་འགོ་འཛིན་གྱིས་གཙོས་འབྲེལ་ཡོད་ལས་བྱེད། མང་ཚོགས་བཅས་ལྷན་འཛོམས་ཀྱིས་མཛད་སྒོ་འགོ་བཙུགས་གནང་།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་ས་སྐྱ་ཁྲི་འཛིན་མཆོག་ཤིང་སྣ་འདེབས་འཛུགས་ལས་གཞིའི་བྱང་ངོས་ཀྱི་རྒྱལ་སྒོ་ཡོད་སར་ཕེབས་འབྱོར་གྱིས་ཐུགས་སྨོན་རབ་གནས་མཛད་རྗེས་དར་མཚོན་གཅོད་བྲེགས་གྲུབ་འཕྲལ་རྒྱལ་སྒོའི་གཡས་ཕྱོགས་སུ་ཡོད་པའི་གྱང་རྩིག་ར་སྐོར་གྱི་རྡོ་བྱང་དབུ་འབྱེད་མཛད་དེ་ཙན་དན་གྱི་ཤིང་སྡོང་འདེབས་འཛུགས་གནང་སར་ཕེབས་ཏེ་དེར་དགེ་འདུན་པ་རྣམས་དང་ལྷན་ཆུ་ཚོད་ཕྱེད་ཙམ་རིང་ཞལ་འདོན་དང་ཐུགས་སྨོན་བྱིན་རླབས་མཛད་རྗེས་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་རྣམ་གཉིས་ནས་ཙན་དན་སྡོང་པོ་རེ་འདེབས་འཛུགས་གནང་།ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་ས་གནས་འགོ་འཛིན་གྱིས་དགའ་བསུའི་གསུང་བཤད་དང་འབྲེལ། ལས་གཞིའི་གལ་གནད་རང་བཞིན་དང་། ལས་འཆར་གྱི་བྱུང་རིམ། སྔོན་རྩིས། ལས་གཞི་དེས་མ་འོངས་པར་དགེ་ཕན། གཞིས་ཆགས་ཀྱི་ཡོང་འབབ་ལས་གཞི་གཙོ་བོ་ཤིང་འཛུགས་ལས་གཞི་འདི་དང་འབྲེལ་བའི་མ་འོངས་ལས་འཆར་སོགས་ཀྱི་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་ས་སྐྱ་༸གོང་མ་ཁྲི་འཛིན་མཆོག་གིས་གསུང་བཤད་གནང་དོན། གཞིས་ཆགས་ཀྱི་ཤིང་འཛུགས་ལས་གཞིའི་ཆེད་ད་ལམ་གསར་བསྐྲུན་གྱང་རྩིག་ར་སྐོར་གྱི་དབུ་འབྱེད་དང་། དེ་དང་མཉམ་དུ་ཤིང་འཛུགས་ས་ཁུལ་འདིའི་ནང་ཙན་དན་གྱི་ཤིང་སྣ་གསར་དུ་འདེབས་འཛུགས་ཀྱི་ལས་འཆར་བཅས་དབུ་འབྱེད་ཆེད་ས་གནས་ཀྱི་འབྲེལ་ཡོད་ཚོས་མགྲོན་འབོད་ལྟར་བཅར་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། ཤིང་འཛུགས་ལས་གཞི་གྱང་རྩིག་ར་སྐོར་གསར་རྒྱག་སླད་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་མཐུན་འགྱུར་རོགས་རམ་གནང་བ་འདིས་མ་འོངས་པར་གཞིས་ཆགས་ཀྱི་གལ་ཆེའི་ཤིང་འཛུགས་ལས་གཞི་ཡར་རྒྱས་གོང་འཕེལ་ཡོང་རྒྱུར་ཕན་ཐོགས་ངེས་ཅན་སྤྲད་ངེས་ཡིན་པས་ནང་སྲིད་ལས་ཁུངས་ནས་གཞིས་ཆགས་ཆེད་འདི་ལྟ་བུའི་མཐུན་འགྱུར་གནང་བར་རྗེས་སུ་ཡི་རང་ཞུ་རྒྱུ་ཡིན།
འབྲེལ་ཡོད་ཚོའི་ངོས་ནས་ངོ་སྤྲོད་བྱུང་བ་བཞིན་ཤིང་འཛུགས་ལས་གཞི་འདི་བཞིན་འདི་ག་གཞིས་ཆགས་ཀྱི་ཡོང་འབབ་ལས་གཞི་གཙོ་བོ་དེ་ཡིན་པའི་ཆ་ནས་མ་འོངས་པར་ལས་གཞི་འདི་བཞིན་གང་ཅིའི་ཐད་འཛིན་སྐྱོང་སྤེལ་གྱིས་ཡར་རྒྱས་གོང་འཕེལ་ཡོང་བར་འགན་ཡོད་མཁན་ཚང་མའི་ངོས་ནས་འབད་བརྩོན་ཧུར་བསྐྱེད་གནང་དགོས་པ་དང་། གཉིས་ནས་ཤིང་འཛུགས་ཀྱི་ལས་འཆར་འདི་ཁོར་ཡུག་དང་འབྲེལ་བ་ཡོད་པའི་ཆ་ནས་ཀྱང་བདག་སྤྲོད་གཅེས་སྲུང་བྱ་རྒྱུ་ཤིན་ཏུ་གལ་གནད་ཆེ། ལྷག་པར་ང་ཚོ་ནང་པ་ཚོས་ཁོར་ཡུག་ལ་བདག་གཅེས་བྱ་རྒྱུ་ནི་ང་ཚོའི་ཆོས་དང་རིག་གཞུང་ཆ་ནས་ཀྱང་དམིགས་བསལ་གྱི་གལ་ཆེན་པོ་ཆགས་ཀྱི་ཡོད། གང་ཡིན་ཞེ་ན། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་མཛད་པ་བསྐྱངས་པའི་ཁོངས་ནས་གལ་གནད་ཆེ་ཤོས་ཀྱི་མཛད་པ་བཞི་སྟེ། གནས་ཆེན་ལུམ་སྦི་ཎིར་སྐུ་བལྟམས་པའི་མཛད་པ་དང་། གནས་ཆེན་རྡོ་རྗེ་གདན་དུ་སངས་རྒྱས་པའི་མཛད་པ། གནས་མཆོག་ཝ་ར་ཎ་སིར་ཆོས་འཁོར་བསྐོར་བའི་མཛད་པ། རྩ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བཅས་བཞི་ཡོད་པའི་མཛད་པ་བཞི་པོ་དེ་དག་ཚང་མ་ཤིང་སྡོང་དང་འབྲེལ་བ་ཡོད་པའི་ཆ་ནས་བྱུང་བ་ཤ་སྟག་ཆགས་ཡོད། དཔེར་ན། ལུམ་བྷི་ཎིར་སྐུ་བལྟམས་སྐབས་ཡུམ་གྱིས་ཕྱག་ཤིང་སྡོང་ལ་འཐམས་ཏེ་བཞུགས་བཞིན་པའི་སྐབས་སྐུ་བལྟམས་པ་དང་། གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་ཤིང་སྡོང་གི་འོག་ཏུ་སངས་རྒྱས་པ། ཝ་ར་ཎི་སིར་ཤིང་ནགས་ཀྱི་གསེབ་ཏུ་ཆོས་འཁོར་བསྐོར་བ། རྩ་མཆོག་གྲོང་དུ་སྐུ་མྱ་ངན་འདས་པའི་སྐབས་སུའང་ཤིངསྡོང་གཉིས་ཀྱི་དབར་སྐུ་མྱ་ངན་ལས་འདས་ཡོད། དེར་བརྟེན་ང་ཚོ་ནང་པ་རྣམས་ནས་ཁོར་ཡུག་ཐད་བདག་སྤྲོད་གཅེས་སྐྱོང་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། ཞེས་གསུངས།དེ་རྗེས་ས་གནས་ཀྱི་ཤིང་ནགས་ལས་ཁུངས་ཀྱི་འགན་འཛིན་གྱིས་དེ་སྔར་རིན་པོ་ཆེ་མཆོག་གི་ཁྲི་སྟོན་གྱི་མཛད་སྒོར་མཉམ་ཞུགས་ཀྱིས་རིན་པོ་ཆེ་མཆོག་ཐོག་མར་མཇལ་རྒྱུའི་གོ་སྐབས་ཐོབ་པ་དང་ད་རེས་སླར་ཡང་རིན་པོ་ཆེ་མཆོག་མཇལ་རྒྱུའི་གོ་སྐབས་ཐོབ་པ་མ་ཟད། ཐུགས་ལྷོད་བཞུགས་ཐོག་བཀའ་མོལ་ཞུ་རྒྱུའི་གོ་སྐབས་ཐོབ་པས་ཤིན་ཏུ་དགའ་པོ་བྱུང་ཡོད་སྐོར་གསུངས། གཞིས་ཆགས་སྐོར་ལ་གསུང་དོན། དེ་སྔོན་འདི་ཕྱོགས་ཤིང་ནགས་ལ་གློ་བུར་མེ་ཤོར་བྱུང་བའི་སྐབས་འདི་ག་གཞིས་ཆགས་ཀྱི་བོད་མི་རྣམས་ནས་མེ་གསོད་སླད་རོགས་པ་ཧ་ཅང་ཡག་པོ་གནང་བར་རྟག་ཏུ་དྲན་བཞིན་ཡོད་པས་ད་རེས་གོ་སྐབས་འདི་བཟུང་ནས་ཁྱེད་རྣམ་པ་ཚང་མར་རྗེས་སུ་ཡི་རང་ཞུ་རྒྱུ་མ་ཟད། བོད་མིར་ཆེད་རོགས་པ་གང་ཐུབ་བྱ་རྒྱུ་ཡིན་སྐོར་གསུངས།མཛད་སྒོའི་ཐོག་སློབ་གྲྭ་དང་། ས་གནས་གཞོན་ནུ། ས་གནས་བུད་མེད་། གཞིས་ཆགས་ཀྱི་གཞོན་སྐྱེས་ཁག་གཅིག་བཅས་ནས་གཞས་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་ཡོད་པ་བཅས།།