ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༢ རེས་གཟའ་པ་སངས། ༄༅། །སུད་སིའི་ཁྱབ་ཁོངས་ཤར་དབུས་ཡུ་རོབ་ཀྱི་རྒྱལ་ཁབ་སུད་སི་དང་། འཇར་མན་ནི། ཨི་ཊ་ལེ། ཅེག་སྤྱི་མཐུན་རྒྱལ་ཁབ། ཨོ་སི་ཊི་རི་ཡ། བྷུལ་ག་རི་ཡ། ཧན་གྷ་རེ། སི་ལོ་ཝ་ཀི་ཡ་བཅས་རྒྱལ་ཁབ་བརྒྱད་ཀྱི་གྲོང་ཁྱེར་བཅུ་དྲུག་ནང་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུ་དུས་དྲན་ཐེངས་ ༦༢ སྲུང་བརྩི་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ཤར་དབུས་ཡུ་རོབ་ཀྱི་ས་གནས་གྲངས་ ༡༤༢༤ ནས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད།
དེ་ཡང་སུད་སིའི་ནང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་སྤྱི་མཐུན་ཚོགས་པ་དང་། སུད་སིའི་བུད་མེད་ལྷན་ཚོགས། ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་བཅས་མཉམ་འབྲེལ་གྱིས་སུད་སིའི་གྲོང་ཁྱེར་ཇི་ནེ་ཝ་དང་། བྷེན། ཛུ་རིག་བཅས་ཀྱི་ནང་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་སྤྱི་མཐུན་ཚོགས་པས་སྣེ་ཁྲིད་དེ་ཇི་ནེ་ཝ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། སྐབས་དེར་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། ཇི་ནེ་ཝ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཌེའོ་ན་ (Emmanuel Deonna) མཆོག སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཇེག་སི་ཨར་ནལ་ (Jacques Arnal) ལགས། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་པ་ནོར་བུ་ལགས་དང་། ཚོགས་གཙོ་ཀརྨ་ཆོས་སྐྱིད་ལགས་སོགས་མི་གྲངས་ ༥༠ ཙམ་མཉམ་ཞུགས་གནང་ཡོད།ཇི་ནེ་ཝ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཌེའོ་ན་མཆོག་གིས་འདས་པའི་ལོ་ངོ་དྲུག་ཅུ་རིང་གི་སུད་བོད་གཉིས་ཀྱི་འབྲེལ་བ་དང་། བོད་མིའི་འཚེ་མེད་ཞི་བའི་འཐབ་རྩོད་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་ཞེས་གསུངས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ (Michelle Bachelet) མཆོག་ལ་ཞུ་ཡིག་ཅིག་ཕུལ་ཏེ་བོད་ནང་རྒྱ་ནག་གིས་མནར་སྤྱོད་གཏོང་བཞིན་པའི་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱིས་སུད་སིའི་རྒྱལ་ས་བྷེན་ (Bern) ནང་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་ཡོངས་ཀྱི་ཆེད་དུ་སྤུར་སྒམ་འགྲེམས་སྟོན་གྱི་ལམ་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད། སུད་སིའི་བུད་མེད་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ་ཛུ་རིག་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད། སྐབས་དེར་སུད་སིའི་ཛུ་རིག་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་རིའོ་ཕེ་ཧར་ (Mario Fehr) མཆོག་དང་སུད་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་དང་སུད་སིའི་གྲོས་ཚོགས་འཐུས་མི་ཕེ་བྷི་ཡེན་མོ་ལི་ནཱ་ (Fabian Molina) མཆོག་གིས་བོད་དོན་ལ་རྒྱབ་སྐྱོར་གྱི་གསུང་འཕྲིན་གནང་ཡོད།སུད་སིའི་གཞོན་སྐྱེས་དང་བླངས་པ་དང་། བོད་མི། བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ ༢༥༠༠ ཙམ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་མཆོག་ལ་ཤོག་བྱང་ (post cards) ཕུལ་ཏེ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད།
གཞན་ཡང་འཇར་མན་ནི་དང་། ཨི་ཊ་ལེ། ཅེག་སྤྱི་མཐུན་རྒྱལ་ཁབ། ཨོ་སི་ཊི་རི་ཡ། བྷུལ་ག་རི་ཡ། སི་ལོ་ཝ་ཀི་ཡ། ཧན་གྷ་རེ་སོགས་ཀྱི་ནང་བོད་མི་དང་། བོད་དོན་རྒྱབ་སྐྱོར་བ། དེ་བཞིན་གྲོས་ཚོགས་འཐུས་མི་སོགས་ནས་གསུམ་བཅུའི་དུས་དྲན་གཟབ་རྒྱས་ངང་སྲུང་བརྩི་ཞུས་གནང་ཡོད། སུད་སིའི་སྐུ་ཚབ་དོན་འཆི་མེད་རིག་འཛིན་ལགས་ཀྱིས་ཆབ་སྲིད་ཀྱི་དབུ་ཁྲིད་མི་སྣ་དང་། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་སོགས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ སྲུང་བརྩི་གཟབ་རྒྱས་ངང་ཞུས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།