ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༩ རེས་གཟའ་མིག་དམར།༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༥ ཉིན་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Parliamentary Group for Tibet in the (Seimas) Lithuanian Parliament) ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཌི་ཡུ་སི་ནེ་ཊི་ཀེ་སི་ (Dr. Andrius Navickas) མཆོག་དང་ཚོགས་གཞོན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལཱ་ཡི་མ་ཨན་ཌི་ཀཡི་ནི་ (Laima Andrikiene) མཆོག་རྣམ་གཉིས་ཀྱི་གོ་སྒྲིག་འོག་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དྲ་ཐོག་བརྒྱུད་ཚོགས་འདུ་ཞིག་ཚོགས་གནང་ཡོད། དྲ་ཐོག་གི་ཚོགས་འདུའི་ཐོག་ཚོགས་མི་རྣམས་ཀྱིས་ད་ལྟའི་བོད་ནང་གི་གནས་སྟངས་དང་། ཡོང་རྒྱུའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་ཤོག་སྐོར། དེ་བཞིན་བོད་དང་འབྲེལ་བའི་གནད་དོན་འགའི་ཐོག་གྲོས་བསྡུར་གནང་ཡོད།
དེ་ཡང་དྲ་ལམ་བརྒྱུད་ཚོགས་འདུའི་ཐོག་མར་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ལཱ་ཡི་མ་ཨན་ཌི་ཀཡི་ནི་མཆོག་གིས་ཚོགས་མི་ཚང་མར་འཚམས་འདྲི་དང་འབྲེལ་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ནང་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་གཞུང་དོན་ཁང་ (Office of Seimas, Lithuanian Parliament) དུ་གསར་བཙུགས་གནང་བའི་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཐེངས་གཉིས་པའི་དྲ་ཐོག་ཚོགས་འདུར་ཕེབས་པའི་ཚོགས་མི་ཚང་མར་དགའ་བསུ་ཞུས་ཡོད། དེ་བཞིན་ལྕམ་སྐུ་ལཱ་ཡི་མ་ཨན་ཌི་ཀཡི་ནི་མཆོག་གིས་ཚོགས་མི་རྣམས་ཀྱིས་ཕྱི་ཟླ་ ༢ ཚེས་ ༡༢ ཐོག་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་ཐེངས་དང་པོ་དྲ་ཐོག་ཚོགས་འདུ་ཚོགས་ཏེ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་པ་དང་འབྲེལ་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ལས་དོན་བྱེད་ཕྱོགས་ཀྱི་ཐད་གྲོས་བསྡུར་གནང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།
དེ་རྗེས་ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་ཆིག་སྒྲིལ་ཐོག་བོད་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཕྱི་ཟླ་ ༣ ཚེས་ ༡༠ ཉིན་བོད་རང་དབང་སྒེར་ལངས་ཐེངས་ ༦༢ པ་འཁེལ་གྱི་ཡོད་སྐོར་དང་། གསུམ་བཅུའི་དུས་དྲན་གྱི་ཉིན་མོའི་ཐོག་གྲོས་ཚོགས་འཐུས་མི་རྣམས་ནས་གདུང་སེམས་མཉམ་སྐྱེའི་བསྒྲགས་གཏམ་དང་། རྒྱ་ནག་ལ་བོད་དོན་དང་འབྲེལ་བའི་བརྡ་ལན་ཡོང་བའི་རེ་སྐུལ་ཞུས་ཡོད། དེ་བཞིན་ཁོང་གིས་ཨིན་ཡུལ་དོན་གཅོད་ཁང་གིས་ (Glasgow) ནང་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཆེ་ཤོས་ (COP26) ཐོག་བྱེད་སྒོ་འགའ་སྤེལ་འཆར་ཡོད་སྐོར་དང་། དེའི་སྐབས་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དང་དེའི་ཤུགས་རྐྱེན་ཐད་གོ་རྟོགས་མཐོ་རུ་གཏོང་ཆེད་གྲོས་ཚོགས་འཐུས་མི་རྣམས་ཀྱིས་བྱེད་སྒོ་ཁག་ནང་མཉམ་ཞུགས་ཡོང་བའི་རེ་སྐུལ་ཡང་ཞུས་ཡོད།
དེ་བཞིན་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཡོང་རྒྱུའི་ཕྱི་ཟླ་ ༤ ནང་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་དང་འབྲེལ་བའི་སྐོར་ངོ་སྤྲོད་སྙིང་བསྡུས་ཤིག་གནང་ཡོད་པ་དང་། སྐབས་དེར་ཚོགས་མི་རྣམས་ཀྱི་དོ་སྣང་ཆེན་པོས་དངོས་གཞིའི་འོས་བསྡུའི་ནང་སྲིད་སྐྱོང་དང་ཡུ་རོབ་སྤྱི་འཐུས་སུ་ཕེབས་ཀྱི་ཡོད་མིན་དྲི་བ་ཡང་དྲིས་ཡོད།
དེ་རྗེས་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཚེ་རིང་མཚོ་མོ་ལགས་ཚོགས་མི་ཚོར་ངོ་སྤྲོད་གནང་རྗེས། ཚེ་རིང་མཚོ་མོ་ལགས་ཀྱིས་ཉེ་ལམ་བོད་ཀྱི་གནད་དོན་དང་འབྲེལ་བའི་ཡར་རྒྱས་ཇི་བྱུང་དང་བོད་ནང་གི་ད་ལྟའི་གནས་སྟངས་སྐོར། དེ་བཞིན་ཨིན་ཡུལ་དང་ཡུ་རོབ་གྲོས་ཚོགས་གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་ཡོད་པ་གླེང་སློང་བྱས་ཡོད་པའི་གནས་ཚུལ་ཁག་འགྲེལ་བརྗོད་གནང་ཡོད་པ་མ་ཟད། ཨ་རི་གཞུང་གིས་ཁྲིམས་སུ་གཏན་འབེབས་གནང་བའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་སྐོར་དང་དེའི་ནང་དོན་གལ་ཆེ་ཁག་གསལ་འདོན་གནང་ཡོད།
དེ་བཞིན་ཚེ་རིང་མཚོ་མོ་ལགས་ཀྱིས་བོད་ནང་རྒྱ་ནག་གཞུང་གིས་བོད་མི་ཕོན་ཆེན་དམག་སྦྱོང་སྦྱོང་བརྡར་ལྟ་བུའི་ངལ་རྩོལ་བསྒྱུར་བཀོད་སྦྱོང་བརྡར་བྱེད་དུ་བཅུག་པ་དང་། བོད་ནང་ཆོས་དད་རང་དབང་ལ་དྲག་གནོན་སོགས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་གི་ཡོད་སྐོར་སྙན་སེང་ཞུས་ཡོད་པ་མ་ཟད། ཉེ་ཆར་རྒྱ་ནག་གཞུང་གིས་བཙོན་དུ་ལོ་བདུན་བཅུག་སྟེ་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་འོག་འདས་གྲོངས་སུ་གྱུར་བའི་བོད་མི་ཆབ་སྲིད་བཙོན་པ་དཀོན་མཆོག་སྦྱིན་པ་ལགས་ཀྱི་གནད་དོན་སོགས་ཚོགས་འདུའི་ཐོག་གསལ་འདོན་གནང་ཡོད། དེ་བཞིན་ཚོགས་མི་རྣམས་ཀྱིས་ཡོང་རྒྱུའི་སྲིད་སྤྱི་གཉིས་ཀྱི་དངོས་གཞིའི་འོས་བསྡུ་དང་། ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་ནང་ཨོ་རྩལ་འགྲན་ཚོགས། རྒྱ་ནག་དང་འབྲེལ་བའི་ཐབས་བྱུས་གཞན་སོགས་ཀྱི་སྐོར་དྲི་བ་དྲིས་གནང་ཡོད་པ་དང་། དྲི་བ་ཚང་མར་ལན་འདེབས་ཡང་གནང་ཡོད།
དེ་བཞིན་ཚོགས་མི་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཕྲོད་བཞེས་ཐོག་བཀའ་འདྲི་ཞུས་པ་དང་འབྲེལ་༸གོང་ས་མཆོག་ལ་འཚམས་འདྲི་ཞུས་ཡོད།
མཐའ་དོན་ཚོགས་གཞོན་ལྕམ་སྐུ་ལཱ་ཡི་མ་ཨན་ཌི་ཀཡི་ནི་མཆོག་མཉམ་ཞུགས་གནང་མཁན་ཚོགས་བཅར་བ་ཚང་མར་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས། །