ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༢ རེས་གཟའ་ཟླ་བ།
༄༅། །རྒྱལ་སྤྱིའི་མི་རིགས་དབྱེ་འབྱེད་རྩ་གཏོར་ཉིན་མོར་སུད་སིའི་སྐུ་ཚབ་གཅོད་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རྒྱ་ནག་དམར་ཤོག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་མི་རྣམས་ཀྱི་ཐོག་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་དཀའ་ངལ་སེལ་ཐབས་གནང་དགོས་པའི་རེ་སྐུལ་ཞུས་ཡོད།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མི་རིགས་དབྱེ་འབྱེད་རྣམ་པ་འདྲ་མིན་རྩ་གཏོར་གྱི་གྲོས་མཐུན་ལ་མིང་རྟགས་བཀོད་ཡོད། འོན་ཀྱང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་མི་རིགས་དབྱེ་འབྱེད་རྣམ་པ་འདྲ་མིན་རྩ་གཏོར་གྱི་གྲོས་མཐུན་ལ་རྩིས་མེད་རྡོག་རོལ་བཏང་ཡོད།
དེ་ཡང་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ནང་རང་ལོ་ ༡༩ ཡིན་པའི་རྫ་དབོན་པོ་དགོན་པའི་དགེ་འདུན་པ་བསྟན་འཛིན་ཉི་མའམ་རྟ་མེ་ལགས་ཀྱིས་བོད་རང་བཙན་གྱི་སྦྱར་ཡིག་འགྲེམས་སྤེལ་བྱས་པར་བརྟེན་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་ཕྱི་ཚེས་ ༡༩ ཉིན་འདས་གྲོངས་སུ་གྱུར་ཡོད།
ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༨ ཉིན་བོད་མདོ་ཁམས་ནག་ཆུ་འབྲི་རུ་རྫོང་ཆགས་རྩེ་ཤང་གྲོང་ཚོ་ལྔ་པ་ནས་ཡིན་པའི་དཀོན་མཆོག་སྦྱིན་པ་ལགས་ཀྱིས་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཤིང་ལོ་ཉི་ཤུ་རྩ་གཅིག་རིང་གི་ཁྲིམས་ཐག་བཅད་པ་མ་ཟད། བཙོན་ཁང་དུ་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༦ ཉིན་ཁོང་འདས་གྲོངས་སུ་གྱུར་ཡོད།
དེ་བཞིན་ཁམས་འབྲི་རུ་ནས་ཡིན་པའི་ལོ་ན་ ༣༦ ལ་སོན་པའི་ལྷ་མོ་ལགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་བ་དང་རྒྱ་སྒོར་བཏང་བའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་འོག་འདས་གྲོངས་སུ་གྱུར་ཡོད།
གཞན་ཡང་རྒྱ་ནག་གཞུང་གིས་གུན་གསབ་དང་ལས་ཀའི་གོ་སྐབས་མ་སྤྲད་པར་བོད་ཀྱི་འབྲོག་པ་རྣམས་བཙན་དབང་གིས་འབྲོག་པའི་རྩ་ཐང་ནས་གྲོང་རྡལ་ཁག་ཏུ་གནས་སྤོ་བཅུག་པ་དང་། བོད་མི་འབུམ་ལྔ་ལྷག་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་པ། དེ་བཞིན་ཁྲིམས་འགལ་ཐོག་བོད་ཀྱི་ས་ཞིང་བཙན་འཕྲོག་སོགས་བྱས་དང་བྱེད་བཞིན་པ་སོགས་ཀྱི་དཀའ་ངལ་རྣམས་སེལ་ཐབས་གནང་དགོས་པའི་སྐོར་སུད་སིའི་སྐུ་ཚབ་དོན་གཅོད་ཁང་གིས་རྒྱལ་ཚོགས་ལ་རེ་སྐུལ་ཞུས་ཡོད་པ་བཅས།།