༄༅། ། སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༦ འཚོགས་བཞིན་པའི་ཐོག་སུད་སིའི་སྐུ་ཚབ་དོན་ཁང་གི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ལ་རང་དབང་ཅན་གྱི་རྟོག་ཞིབ་པ་ཞིག་གསར་འཛུགས་གནང་སྟེ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་རྟོག་ཞིབ་དང་། དབྱེ་ཞིབ། སྙན་ཐོ་འགོད་པ་བཅས་གནང་དགོས་པའི་རེ་སྐུལ་དང་། ལྷག་པར་བོད་ཀྱིས་གཙོས་ཤིང་ཅང་དང་། ཧོང་གོང་བཅས་ཀྱི་ཛ་དྲག་གི་གནས་སྟངས་ཐོག་དམིགས་དགོས་པའི་རེ་སྐུལ་ཞུས་ཡོད།
དེ་ཡང་ལྷན་ཚོགས་ཐོག་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་ཨི་ཌ་ལིའི་ཆབ་སྲིད་ཚོགས་པའི་ཚབ་ཞུས་ཏེ་བགྲོ་གླེང་གི་དོན་ཚན་ཨང་གསུམ་པའི་འོག་གཞིས་ལུས་བོད་མི་རྣམས་ལ་བཙན་གནོན་གྱི་བྱ་སྤྱོད་མང་པོ་ཞིག་འཕྲད་བཞིན་ཡོད་ཅིང་། དེའི་ནང་བོད་ནང་གི་འགྲོ་བ་མིིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་བོད་མི་རྣམས་འཆར་གཞི་ལྡན་པའི་སྒོ་ནས་སྡུག་སྦྱོང་གཏོང་བ་དང་། བཙན་ཤེད་ཀྱིས་གར་སོང་ཆ་མེད་དུ་གྱུར་པ། རང་དགར་བཀག་ཉར་དང་བཙོན་དུ་བཅུག་སྟེ་སྡུག་སྦྱོང་གཏང་པ། ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་བཀག་འགོག་བྱས་པ། བོད་པའི་འབྲོག་པ་རྣམས་ཀྱི་རྩྭ་ས་ཁྲིམས་འགལ་གྱིས་བཙན་འཕྲོག་བྱས་པ། བོད་མི་རྣམས་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ནས་ངལ་རྩོལ་བྱེད་དུ་འཇུག་པ་སོགས་ཚུད་ཡོད་སྐོར་དང་། དེ་དག་ནི་རྒྱ་ནག་གཞུང་གི་དབུལ་སྐྱོར་གྱི་མིང་ཐོག་ནས་བོད་ནང་གི་བོད་མི་ཚོར་འཕྲད་བཞིན་པའི་བཙན་གནོན་གྱི་བྱ་སྤྱོད་འགའི་ཐོ་གཞུང་ཡིན་སྐོར་འགྲེལ་བརྗོད་གནང་ཡོད།
དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་ཚན་རྩལ་མཐོ་བའི་སོ་ལྟའི་པར་ཆས་སོགས་བཙུགས་ཏེ་བོད་ནང་དམ་དྲག་ཤུགས་ཆེ་བྱེད་ཀྱི་ཡོད་པས་བོད་ནང་གི་དངོས་ཡོད་གནས་སྟངས་ཆ་ཚང་རྒྱུས་ལོན་དཀའ་བར་བརྟེན། ཁོང་གིས་རང་དབང་ཅན་གྱི་རྟོག་ཞིབ་པ་ཞིག་གསར་འཛུགས་གནང་སྟེ་བོད་ནང་གི་དངོས་ཡོད་གནས་ཚུལ་སྙན་སེང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་མ་ཟད། ཉེ་ཆར་རྒྱ་ནག་གཞུང་གི་ཉེན་རྟོག་པས་རྡུང་རྡེག་མནར་གཅོད་འོག་འདས་གྲོངས་སུ་གྱུར་བའི་རང་ལོ་ ༡༩ ཡིན་པའི་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་དང་། རང་ལོ་ ༥༡ ཡིན་པའི་བོད་མདོ་ཁམས་ནག་ཆུ་འབྲི་རུ་རྫོང་ཆགས་རྩེ་ཤང་གྲོང་ཚོ་ལྔ་པ་ནས་ཡིན་པའི་དཀོན་མཆོག་སྦྱིན་པ་ལགས་གཉིས་ཀྱི་གནད་དོན་དང་། ཕྱོགས་མཚུངས་བོད་ནང་ཕོ་མོའི་ཆགས་སྲེད་རྩུབ་སྤྱོད་ཀྱི་འོག་འདས་གྲོངས་སུ་གྱུར་བའི་རང་ལོ་ ༣༡ ཡིན་པའི་བུ་མོ་ལྷ་མོ་ལགས་ཀྱི་གནད་དོན་སོགས་གསལ་འདོན་གནང་སྟེ། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་མགྱོགས་མྱུར་རྐྱེན་ལམ་དུ་ཤོར་བའི་དོན་རྐྱེན་དེ་དག་ལ་དྲང་བདེན་དང་། ནུས་པ་ལྡན་པའི་སྒོ་ནས་རྟོགས་ཞིབ་གནང་རྒྱུར་བསྐྱར་དུ་རེ་སྐུལ་ཞུས་ཡོད་པ་བཅས། །