ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཡུ་རོབ་སྤྱི་མཐུན་ཚོགས་པའི་འཛིན་སྐྱོང་ལྷན་ཁང་ (European Commission) གི་འགན་འཛིན་གཞོན་པ་སྐུ་ཞབས་ཇོ་སེབ་བྷོར་རེལ་(Josep Borrell) མཆོག་གིས་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༣ ཉིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༤༦ པའི་ཐོག་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚབ་ཞུས་ཏེ་རྒྱ་ནག་གཞུང་གིས་བོད་དང་། ལྷོ་སོག་པོ། ཤར་ཏུར་ཀི་སི་ཐན་བཅས་ཀྱི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་སྐུ་ཞབས་ཇོ་སེབ་བྷོར་རེལ་མཆོག་གིས། རྒྱ་ནག་གཞུང་གིས་རྒྱ་ནག་གི་ཁྲིམས་དང་རྒྱལ་སྤྱིའི་ཁྲིམས་ལ་བརྩི་བཀུར་ཞུས་ཏེ་བོད་དང་། ལྷོ་སོག་པོ། ཤར་ཏུར་ཀི་སི་ཐན་བཅས་ཀྱི་མི་རིགས་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པ་དང་། ང་ཚོའི་ངོས་ནས་སླར་ཡང་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་མི་ཤེ་ལེ་བྷ་ཤེ་ལེ་ཊི་ (Michelle Bachelet) མཆོག་ཚུད་པའི་རང་དབང་གི་རྟོག་ཞིབ་ཚོགས་ཆུང་ཞིག་ཤར་ཏུར་ཀི་སི་ཐན་ནང་ཡོང་འཇུག་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
རྒྱལ་སྤྱིའི་ཐོག་ནས་ཤར་ཏུར་ཀི་སི་ཐན་གྱི་གནད་དོན་ཐད་ཐུགས་འཚབ་གནང་བཞིན་པར་ཕྱི་གསལ་ནང་གསལ་དང་། དྲང་བདེན། ཕྱོགས་ལྷུང་མེད་པའི་སྒོ་ནས་ཞིབ་འཇུག་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད། ངས་རྒྱ་ནག་གིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་དགོངས་དོན་ལྟར་ཧོང་ཀོང་གི་ཚད་མཐོའི་རང་སྐྱོང་སྲུང་སྐྱོབ་དང་། དེ་བཞིན་ཧོང་ཀོང་གི་གཞི་རྩའི་རང་དབང་དང་། ཁྲིམས་ཀྱི་དབང་སྒྱུར། མང་གཙོའི་རྩ་འཛིན་ཁག་ལ་བརྩི་བཀུར་ཞུ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་གསུངས།།