ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༩ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༦ རེས་གཟའ་པ་སངས་ཉིན་ཨིན་ཡུལ་གྱི་སྲིད་བློན་བྷོ་རི་སི་འཇོན་སན་ (Boris Johnson) མཆོག་གིས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་ (Rt. Tim Loughton) མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ཁ་ཤས་མགྲོན་འབོད་གནང་སྟེ། རྒྱ་ནག་གཞུང་གིས་ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་གྲངས་ ༥ ཚུད་པའི་ཨིན་ཡུལ་གྱི་མི་སེར་ ༩ ལ་ཉེས་ཆད་བཏང་བའི་སྐོར་གྲོས་བསྡུར་གནང་ཡོད་པ་དང་། སྲི་བློན་མཆོག་གིས་རྒྱ་གཞུང་གིས་ཉེས་ཆད་བཏང་བའི་གྲོས་ཚོགས་འཐུས་མི་དང་མི་སེར་རྣམས་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས།
དེ་ཡང་གཟའ་འཁོར་སྔོན་མར་ཡུ་རོབ་སྤྱི་མཐུན་ཚོགས་པས་ཤར་ཏུར་ཀི་སི་ཐན་ཁུལ་གྱི་ཡུ་གུར་མི་རིགས་སྟོང་ཕྲག་མང་པོ་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་པ་དང་འབྲེལ་བའི་རྒྱ་ནག་གི་འབྲེལ་ཡོད་འགོ་ཁྲིད་བཞི་ལ་ཉེས་ཆད་བཏང་བའི་རྗེས་ཟླ་ ༣ ཚེས་ ༢༥ ཉིན་ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་ (Rt. Tim Loughton) མཆོག་གི་སྣེ་ཁྲིད་འོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ (Inter-Parliamentary Alliance on China) ཚོགས་མི་ཡིན་པ་གྲོས་ཚོགས་འཐུས་མི་བཅོ་ལྔས་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀི་སི་ཐན་གྱི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་བ་དང་། དམ་བསྒྲགས་ཅན་གྱི་སྲིད་བྱུས་འོག་བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་བཞིན་ཡོད་པ་སོགས་དང་འབྲེལ་བའི་རྒྱ་ནག་གི་འབྲེལ་ཡོད་འགོ་ཁྲིད་ཁྲིན་ཆུན་གོ (Chen Quanguo) དང་ཝུ་ཡིན་ཇེ་ (Wu Yingjie) གཉིས་ལའང་ཉེས་ཆད་གཏོང་དགོས་པའི་འབོད་སྐུལ་གནང་ཡོད། རྒྱ་ནག་གི་འགོ་ཁྲིད་དེ་གཉིས་ནི་གཟའ་འཁོར་སྔོན་མར་ཡུ་རོབ་སྤྱི་མཐུན་ཚོགས་པ་དང་ཨིན་ཡུལ་གཞུང་གིས་རྒྱ་ནག་གི་འགོ་ཁྲིད་ཁ་ཤས་ལ་ཉེས་ཆད་བཏང་བའི་ཐོ་གཞུང་གི་ཁོངས་ནས་ཕྱིར་བཏོན་གནང་ཡོད།
དེ་རྗེས་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་རྒྱ་ནག་གཞུང་གིས་ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་གིས་གཙོས་གྲོས་ཚོགས་འཐུས་མི་ལྔ་ཚུད་པའི་ཨིན་ཡུལ་མི་སེར་དགུ་ལ་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་ལ་ལྟ་སྐྱོང་བྱེད་བཞིན་པར་རྫུན་གཏམ་དང་གནས་ཚུལ་འཁྱོག་བཤད་བྱས་སོང་ཞེས་ཉེས་ཆད་བཏང་ཡོད། ཉེས་ཆད་བཏང་བའི་ཨིན་ཡུལ་གྲོས་ཚོགས་འཐུས་མི་དེ་དག་ནི་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ཚོགས་མི་ཡང་ཡིན། གྲོས་ཚོགས་འཐུས་མི་ལྔ་ནི། སི་མི་ཐི་ (Rt. Sir Iain Duncan Smith) མཆོག་དང་། གྷ་ནི་ (Hon. Nusrat Ghani) མཆོག ཊིམ་ལུབ་ཊོན་མཆོག་ (Rt. Tim Loughton) དེ་ཝི་ཌི་ (Lord David Alton) མཆོག བྷ་རོན་ནེ་སི་ཧེ་ལེ་ན་ (Baroness Helena Kennedy) མཆོག་བཅས་ཡིན།
ཨིན་ཡུལ་གྱི་སྲིད་བློན་བྷོ་རི་སི་འཇོན་སན་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཊུ་ཝི་ཊར་ཐོག་བསྒྲགས་གཏམ་ཞིག་སྤེལ་ཏེ་ཨིན་ཡུལ་གཞུང་གིས་གྲོས་ཚོགས་འཐུས་མི་དང་ཨིན་ཡུལ་གྱི་མི་སེར་གཞན་ཚོས་རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་གི་ཐོག་དྲག་གནོན་བྱེད་བཞིན་པའི་སྐོར་ཐེར་འདོན་གནང་ཡོད་པ་དང་། རང་དབང་གི་སྒོ་ནས་བཤུ་གཞོག་སྐོར་གླེང་སློང་གནང་བ་ནི་གཞི་རྩའི་སྨྲ་བརྗོད་རང་དབང་ཡིན་ཞིང་། ངས་ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་དང་མི་སེར་དེ་དག་ལ་མཐའ་གཅི་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཞེས་དང་། ཨིན་ཡུལ་གྱིས་གྲོས་ཚོགས་འཐུས་མི་རྣམ་པ་ཚོར་རྒྱབ་སྐྱོར་ཞུ་རྒྱུ་དང་། རྒྱ་ནག་གིས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་བྱེད་དགོས་པའི་བརྡ་ལན་གསལ་པོ་ཞིག་བཏང་ཡོད། ཅེས་གསུངས། །