ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་ལ་མ་འཛེམས་པར་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༧ ཉིན་ཏེ་ཆོ་འཕྲུལ་དུས་ཆེན་དང་བསྟུན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (The Core Group for Tibetan Cause) དང་། ལྡི་ལིའི་འཕགས་བོད་འབྲེལ་མཐུད་ལས་ཁང་གཉིས་ཟུང་འབྲེལ་གྱིས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་དང་ཟུང་སྦྲེལ་འགན་འཛིན། དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ས་གནས་འགན་འཛིན་རྣམས་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་ཧལ་སེ་ཡོན་གསོལ་མགྲོན་ཁང་ (Hotel Halcyon Residences) དུ་ཚོགས་འདུ་བསྐོང་ཚོགས་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་མར་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་འབྱོར་ལྡན་ལགས་ཀྱིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་ཕེབས་བསུ་ཞུས་གྲུབ་མཚམས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བླངས་རྗེས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་བའི་རྒྱལ་གཅེས་པ་རྣམས་དང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་འདས་གྲོངས་སུ་གྱུར་བ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་དུས་ཡུན་སྐར་མ་གཅིག་རིང་ངག་བཅད་གནང་ཡོད།དེ་རྗེས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟུང་སྦྲེལ་འགན་འཛིན་སྐུ་ཞབས་ཨམ་རུཏ་ཇོ་ཤི་(Shri Amruth Joshi) ལགས་ཀྱིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ལ་འཚམས་འདྲིའི་ཁ་བཏགས་རེ་ཕུལ་ཏེ་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། དུས་ཡུན་རིང་པོ་ཞིག་གི་རྗེས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་བོད་དོན་སླད་ལྷན་འཛོམས་བྱུང་ཐུབ་པར་ང་རང་དགའ་པོ་བྱུང་། དུས་ཚོད་ཀྱི་ཆ་ནས་འཕགས་བོད་གཉིས་ལ་མཚོན་ན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཚོགས་འདུ་ཚོགས་དགོས་པ་གལ་ཆེན་པོ་ཆགས་ཡོད། བོད་དོན་སླད་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནང་ཁུལ་ཚོགས་འདུ་ཡང་ཡང་ཚོགས་ཏེ་གྲོས་བསྡུར་གནང་དགོས་པ་མ་ཟད། ཉུང་མཐར་ལོ་ལྔའི་རིང་གི་འཆར་གཞི་བསྒྲིག་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས།དེ་ནས་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་འཕགས་བོད་གཉིས་ཀྱི་འབྲེལ་ལམ་སྐོར་གསུངས་པ་མ་ཟད། རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་ཚོགས་འདུ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུས་ཡོད། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ནས་སོ་སོའི་ལས་དོན་ཇི་སྤེལ་སྐོར་སྙན་སྒྲོན་དང་། བོད་དོན་སླད་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་ཐབས་སྐོར་དགོངས་ཚུལ་གསུངས་པ་མ་ཟད། ཚོགས་མི་ཚང་མས་ཁ་གཅིག་གྲག་གིས་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་དབུས་གཞུང་ནས་རྒྱ་གར་གྱི་ཆེས་མཐོའི་གཟེངས་རྟགས་ (Bharat Ratna) འབུལ་དགོས་པའི་ལས་འགུལ་སྤེལ་དགོས་པ་དང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་གྲོས་ཚོགས་ནང་གདན་འདྲེན་ཞུས་ཏེ་བཀའ་སློབ་བསྩལ་གནང་ཡོང་བའི་གསོལ་འདེབས་ཞུ་དགོས་པ་སོགས་ཀྱི་སྐོར་གསུངས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས། །