ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༢ རེས་གཟའ་ཟླ་བ། ༄༅། །རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན་མགོ་ལོག་རྨ་ཆེན་རྫོང་འབྲིང་རིམ་ཁྲིམས་ཁང་གིས་རྨ་ཆེན་རྫོང་ཁོངས་ཀྱི་བོད་མི་བཀྲ་ཤིས་རྒྱལ་ཞུ་བ་ཞིག་ལ་རྒྱལ་ཁབ་ཁ་བྲལ་དང་བདེ་འཇགས་ལ་ཉེན་ཁ་བཟོས་པའི་ཉེས་མིང་འོག་ལོ་གཅིག་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
དེ་ཡང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ (Rights Defender) ཞེས་པའི་དྲ་རྒྱའི་ནང་གནས་ཚུལ་སྤེལ་པ་ལྟར་ན། ཕྱི་ལོ་ ༢༠༡༥ ལོར་བོད་མི་བཀྲ་ཤིས་རྒྱལ་གྱིས་སྐད་འཕྲིན་ནང་བོད་དང་འབྲེལ་བའི་གནས་ཚུལ་བརྒྱུད་སྤེལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་འདྲ་པར་བཞག་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༣༠ ཉིན་འཛིན་བཟུང་བྱས་ཡོད། ཕྱི་ལོ་ ༢༠༡༤ ཟླ་ ༥ དང་ ༡༠ ནང་བོད་མི་བཀྲ་ཤིས་རྒྱལ་གྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཞི་སྐད་འཕྲིན་བརྒྱུད་རང་གི་གྲོགས་པོར་བརྒྱུད་སྤེལ་དང་། དེ་བཞིན་ཕྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་འདྲ་པར་བརྒྱུད་སྤེལ་བྱས་པ། བོད་ཀྱི་ལོ་གསར་སྐབས་ཏེ་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡ ཉིན་ཁོང་གིས་བོད་ཀྱི་རྒྱལ་དར་གྱི་པར་རིས་སྐད་འཕྲིན་ནང་བཞག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ནང་ཕྱིར་ཕེབས་དགོས་པ་དང་། བོད་རང་བཙན་སྐོར། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་གསུང་བཤད་ཕབ་ལེན་གྱིས་སྐད་འཕྲིན་ནང་བརྒྱུད་སྤེལ་བྱས་པར་བསྙད་དེ། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༡༦ ཉིན་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ཉིན་གྲངས་བཅོ་ལྔ་རིང་བཀག་ཉར་འོག་བཞག་པ་མ་ཟད། གནད་དོན་དེ་དག་ནི་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། དེ་བཞིན་ས་ཁོངས་ཀྱི་ཆིག་སྒྲིལ་བཅས་ལ་ཉེན་ཚབ་བཟོས་ཡོད་པའི་ཉེས་མིང་འོག་ལོ་གཅིག་གི་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༢ ཉིན་ཁོང་དངོས་སུ་འཛིན་བཟུང་བཙོན་འཇུག་བྱས། ཕྱི་ལོ་ ༢༠༢༠ ཟླ་ ༡༠ ཚེས་ ༡༣ ཉིན་མགོ་ལོག་རྨ་ཆེན་རྫོང་ཁོངས་ཀྱི་མི་མང་འབྲིང་རིམ་ཁྲིམས་ཁང་གིས་བོད་མི་བཀྲ་ཤིས་རྒྱལ་ལ་ལོ་གཅིག་རིང་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
མགོ་ལོག་རྨ་ཆེན་རྫོང་ཁོངས་ཀྱི་མི་མང་འབྲིང་རིམ་ཁྲིམས་ཁང་གིས་བོད་མི་བཀྲ་ཤིས་རྒྱལ་ལ་ཁྲིམས་ཐག་བཅད་པའི་གནད་དོན་དེ་གསང་བའི་སྒོ་ནས་ཐག་བཅད་ཡོད་སྟབས། མང་ཚོགས་ཁྲོད་གནད་དོན་དེ་ཤེས་རྟོག་མ་ཐུབ་པར་ལུས་ཡོད་པ་དང་། རྒྱ་ནག་གི་དབང་འཛིན་པ་རྣམས་ཀྱིས་བཀྲ་ཤིས་རྒྱལ་གྱི་ཁ་པར་ཡང་གཞུང་བཞེས་བཏང་ཡོད་པར་འཁོད་འདུག བཀྲ་ཤིས་རྒྱལ་ནི་ཕྱི་ལོ་ ༡༩༧༠ ཟླ་ ༥ ཚེས་ ༢༤ ཉིན་མགོ་ལོག་རྨ་ཆེན་རྫོང་དུ་སྐྱེས་ཡོད་པ་བཅས།།