ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༤ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཀུ་ལ་སི་པག་ས་(Mikulas Peksa) མཆོག་གི་གཙོ་སྐྱོང་འོག་དྲ་རྒྱ་བརྒྱུད་བར་ལམ་གྱི་བོད་དང་འབྲེལ་བའི་འགྱུར་འགྲོས་ལ་ཡུ་རོབ་ཀྱི་ལྟ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་གཏན་འཁེལ་ཡོད།
དེ་ཡང་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ད་ལྟའི་བོད་ནང་གི་འགྲོ་བ་མིའི་གནས་སྟངས་སྤྱི་དང་། ངལ་རྩོལ་བསྒྱུར་བཀོད་ཁང་། ཨ་རིའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་སོགས་ཀྱི་སྐོར་ངོ་སྤྲོད་གསུང་བཤད་གནང་རྒྱུ་ཡིན་པ་མ་ཟད། ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ཡུ་རོབ་གྲོས་ཚོགས་ཀྱིས་བོད་དོན་སླད་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་དང་། ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་མེ་རི་འམ་ལེག་སི་མན་ (Miriam Lexmann) མཆོག་གིས་བོད་དང་རྒྱ་ནག་ནང་གི་ཆོས་དད་རང་དབང་སྐོར་གསུང་བཤད་དང་། སྦེལ་ཇམ་གྲོས་ཚོགས་འཐུས་མི་སྐུ་ཞབས་སམ་མུལ་ཁོ་གོ་ལ་ཊི་ (Samuel Cogolati) མཆོག་གིས་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་ནས་བོད་དོན་སླད་རྒྱབ་སྐྱོར་ཇི་ལྟར་གནང་ཐུབ་པའི་སྐོར།
དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ཧྥི་རན་སི་སི་ཁོ་ (Francisco Guerreiro) མཆོག་གིས་ཡུ་རོབ་དང་རྒྱ་ནག་དབར་གཞི་རྒྱ་ཆེ་བའི་མ་འཛུགས་ཀྱི་གྲོས་མཐུན་བཞག་ཡོད་པ་བཅས་ཀྱི་སྐོར་གསུང་བཤད་གནང་རྒྱུ་ཡིན་ཞིང་། དྲ་ཐོག་གི་བགྲོ་གླེང་གྲོལ་མཚམས་དྲི་བ་དྲིས་ལན་གནང་རྒྱུ་དང་། ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མེ་ཀུ་ལ་སི་པག་ས་མཆོག་གིས་མཇུག་བསྡོམས་ཀྱི་གསུང་བཤད་གནང་གཏན་འཁེལ་ཡོད།
བགྲོ་གླེང་གི་ལས་རིམ་ཁག་ངོ་དེབ་ (https://www.facebook.com/peksamikulas/live) བརྒྱུད་ཐད་གཏོང་གནང་རྒྱུ་ཡིན་པ་བཅས། །