ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༨ རེས་གཟའ་ཟླ་བ།༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དེང་གི་ཆར་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཡི་ནད་ཡམས་ཁྱབ་གདལ་ཇེ་ཉུང་དང་སྤྱི་ཡོངས་ཀྱི་གནས་སྟངས་བཟང་དུ་འགྲོ་མུས་ལ་བརྟེན་རྒྱ་གར་དབུས་ས་གཉིས་དང་། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་བཅས་ནས་སློབ་སྒོ་བསྐྱར་དུ་ཕྱེ་ཕྱོགས་དང་འབྲེལ་བའི་ལམ་སྟོན་དང་། ལྷག་པར་ཤེས་རིག་བཀའ་བློན་མཆོག་གིས་དོན་ཚན་བཅུ་ཅན་གྱི་ལམ་སྟོན་ཕེབས་པ་བཞིན། སློབ་སྡེ་ཁག་གི་སྤྱི་ཁྱབ་ཡིག་ཚང་ནས་ཁུངས་སོ་སོའི་ཁྱབ་ཁོངས་སློབ་གྲྭ་ཁག་ལ་སློབ་གྲྭ་བསྐྱར་དུ་སྒོ་ཕྱེ་དགོས་པ་དང་སློབ་ཕྲུག་རྣམས་རིམ་བཞིན་སློབ་གྲྭར་ཕེབས་དགོས་པའི་བཀོད་ཁྱབ་ལམ་སྟོན་གནང་ཡོད་པས། སློབ་གྲྭ་བསྐྱར་དུ་སྒོ་ཕྱེ་ཕྱོགས་དང་འབྲེལ་ཁྱབ་ཁོངས་སློབ་གྲྭ་ཁག་གི་ནང་ནད་ཡམས་སྔོན་འགོག་དང་འཛིན་གྲྭ་ཚུགས་རྒྱུ་སོགས་གྲ་སྒྲིག་གནང་ཕྱོགས་སྐོར་གྲོས་བསྡུར་དང་།
དེ་བཞིན་འཕྲོད་བསྟེན་དང་ཤེས་རིག་ལས་ཁུངས་གཉིས་ནས་ལམ་སྟོན་གནང་རྒྱུ་སོགས་ཀྱི་སླད་དུ་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༥ ཉིན་གྱི་ཕྲི་དྲོ་ཆུ་ཚོད་ ༢།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་དྲྭ་ཐོག་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད་ཅིང། དྲྭ་ཐོག་ཚོགས་འདུར་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་རྣམ་གཉིས་དབུ་བཞུགས་ཐོག་སློབ་གྲྭའི་སྡེ་ཁག་གསུམ་སྟེ། དྷ་ས་བོད་ཁྱིམ་ནས་སྤྱི་ཁྱབ་དབུ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་དང་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྲི་གཅོད་ལགས། མ་སུ་རི་བོད་ཁྱིམ་དྲུང་ཆེ་ཀརྨ་ཆུང་བདག་ལགས། སཾ་བྷོ་ཊ་ནས་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས་དང་འགན་འཛིན་གཞོན་པ་ཚེ་དབང་ནོར་བུ་ལགས། ཤེས་རིག་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་དང་འབྲེལ་ཡོད་ལས་བྱེད་སྡེ་འགན་ཚེ་རིང་དབྱངས་སྐྱིད་ལགས་བཅས་མཉམ་ཞུགས་གནང་ཡོད།
དེ་ཡང་ཐོག་མར་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་འཚམས་འདྲི་དང་ཚོགས་འདུའི་ངོ་སྤྲོད་གནང་གྲུབ་མཚམས་སློབ་སྡེ་ཁག་གསུམ་གྱི་སྤྱི་ཁྱབ་དབུ་འཛིན་དང་འབྲེལ་ཡོད་རྣམས་ནས་ཁུངས་སོ་སོའི་ཁྱབ་ཁོངས་སློབ་གྲྭ་ཁག་ལ་སློབ་གྲྭ་བསྐྱར་དུ་སྒོ་ཕྱེ་ཕྱོགས་དང། ནད་ཡམས་སྔོན་འགོག ཉལ་ཁང་གྲ་སྒྲིག འཛིན་གྲྭ་ཚུགས་ཕྱོགས་སོགས་སྤྱི་ཡོངས་ནས་གྲ་སྒྲིག་གནང་ཕྱོགས་སྐོར་ལམ་སྟོན་ཇི་གནང་སྐོར་སྙན་སྒྲོན་གནང། དེ་རྗེས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཁྱབ་ཁོངས་སློབ་སྡེ་ཁག་ནས་ནད་ཡམས་སྔོན་འགོག་དང་འབྲེལ་བའི་གྲ་སྒྲིག་གང་ལེགས་གནང་བར་བསྔགས་བརྗོད་གནང་། འོན་ཀྱང་ཁོང་གིས་བོད་པའི་སྤྱི་ཚོགས་ཁྲོད་ནད་ཡམས་ཁྱབ་གདལ་གྱི་དཔེ་མཚོན་འགའ་ཤས་དང་སྦྲགས་སློབ་གྲྭའི་ནང་ནད་ཡམས་ཁྱབ་གདལ་གྱི་ཉེན་ཚབས་ཆེན་པོ་ཡོད་པས་མུ་མཐུད་གཟབ་གཟབ་གནང་དགོས་པ་དང་། སློབ་གྲྭའི་ནང་ནད་རིགས་སྔོན་འགོག་ཚོགས་ཆུང་ཟུར་འཛུགས་དགོས་པ། ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་ངོ་སྤྲོད།
ཁྲུས་ཁང་གསོང་སྤྱོད་སོགས་སྔར་རྒྱུན་ལྟར་མ་ཡིན་པར་དམིགས་བསལ་གཙང་བཟོ་གནང་དགོས་པ། སློབ་ཕྲུག་དང་དགེ་ལས་ནང་ནད་རྟགས་ཐོན་སྐབས་འགོག་དབྱེ་ཟུར་འཇོག་བྱས་ཏེ་ས་གནས་འགོ་འཛིན་དང་ས་གནས་འཕྲོད་བསྟེན་སྨན་ཁང་བཅས་ལ་འཕྲལ་དུ་འབྲེལ་ལམ་གནང་དགོས་པ། ལུས་ཟུངས་གསོ་ཐབས་སུ་བོད་ཀྱི་གསོ་བ་རིག་པའི་བོད་སྨན་ཕན་ཐོགས་ཆེན་པོ་ཡོད་པ་དང་དགོས་གལ་ཡོད་ཚེ་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག་རྣམས་ལ་གནང་རྒྱུ་ཡིན་སྐོར་སོགས་གསུངས།
དེ་རྗེས་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་སློབ་སྒོ་བརྒྱབ་པའི་དུས་ཡུན་རིང་སློབ་གྲྭ་ཡོངས་ནས་དྲྭ་ཐོག་སློབ་ཁྲིད་གོ་སྒྲིག་གང་ལེགས་གནང་ཡོད་ནའང་། སློབ་ཕྲུག་མང་པོ་ཞིག་ལ་འཕྲུལ་ཆས་མེད་པ་དང་། འཕྲུལ་ཆས་མ་འདང་བ། དྲྭ་རྒྱ་ཞན་པ་སོགས་ཀྱི་དཀའ་ངལ་ལ་བརྟེན་ནས་དྲྭ་ཐོག་སློབ་ཁྲིད་ནང་ངོ་བཅར་ཐུབ་མེད་པས། སློབ་ཕྲུག་དེ་དག་ངོས་བཟུང་དགོས་པ་དང་སློབ་གྲྭར་འབྱོར་མཚམས་དམིགས་བསལ་དོ་སྣང་དང་ཟུར་ཁྲིད་སོགས་གནང་སྒོ་གང་ཡོད་གནང་དགོས་པའི་ལམ་སྟོན་དང་། སློབ་གྲྭ་ཁག་ལ་དཀའ་ངལ་བྱུང་ཚེ་ཤེས་རིག་ལས་ཁུངས་སུ་འབྲེལ་ལམ་གནང་དགོས་པ། ཤེས་རིག་ལས་ཁུངས་ནས་མཐུན་འགྱུར་གང་ཐུབ་ཞུ་རྒྱུའི་འབད་བརྩོན་ཞུ་རྒྱུ་ཡིན་སྐོར་བཅས་གསུངས།
དེ་ནས་སློབ་གྲྭའི་སྡེ་ཁག་གི་འགན་འཛིན་རྣམས་ནས་དྲུང་ཆེ་རྣམ་གཉིས་ལ་དྲྭ་ཐོག་སློབ་ཁྲིད་དང་སྔོན་འགོག་ཆེད་ལུས་ཟུངས་གསོ་ཐབས་སུ་གསོ་རིག་སྨན་དང་། དུག་སེལ། རང་སྲུང་ཡོ་བྱད་སོགས་ཀྱི་མཐུན་འགྱུར་གནང་བར་ཐུགས་རྗེ་ཞུས་པ་དང་། མཐར་ཤེས་ཡོན་སྡེ་ཚན་གྱི་འགན་འཛིན་གྱིས་ཐུགས་རྗེ་ཆེ་ཞུས་ཏེ་དྲྭ་ཐོག་ཚོགས་འདུ་ལེགས་པར་གྲུབ་པ་བཅས། །