ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༢ རེས་གཟའ་པ་སངས།༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༠ ཉིན་མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་སུ་གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ཞི་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༦༢ པའི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་སྐུ་མགྲོན་གཙོ་བོ་མེའོ་ཁུལ་གྱི་ ( ZPM) ཞེས་པའི་ཆབ་སྲིད་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་སམ་ཏོ་ཏིག་ཧག་ (Asamto Tikhak) ལགས་ཆེད་ཕེབས་ཀྱིས་ཐོག་མར་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོའི་མདུན་དུ་མར་མེ་ཞལ་ཕྱེ་གནང་གྲུབ་མཚམས་ས་གནས་འགོ་འཛིན་བསྟན་འཛིན་མཆོག་ལྡན་ལགས་ཀྱིས་སྐུ་མགྲོན་གཙོ་བོར་གསུམ་བཅུའི་དུས་དྲན་གྱི་མཛད་སྒོར་མཉམ་ཞུགས་གནང་བའི་ཐོག་བོད་དོན་དང་བོད་མིར་རྒྱབ་སྐྱོར་ཡོད་པའི་རྣམ་པ་བཏོན་པར་ཐུགས་རྗེ་ཆེ་ཞུས་ཡོད། དེ་རྗེས་ས་གནས་འགོ་འཛིན་གྱིས་དཔལ་ལྡན་བཀའ་ཤག་གི་གསུང་འཕྲིན་སྒྲོགདས་སྦྱང་ཞུས་གྲུབ་མཚམས་ས་འཐུས་ཚོགས་གཙོ་དབང་ཆེན་གྲགས་པ་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་ཞུས།སྐབས་དེར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཨ་སམ་ཏོ་ཏིག་ཧག་ལགས་ཀྱིས་མངའ་སྡེའི་བློན་ཆེན་སྐུ་ཞབས་ཀམ་ལུང་མོ་སང་ (Shri. Kamlung Mosang) མཆོག་གི་ཚབ་ཞུས་ཏེ་འཚམས་འདྲི་གནང་བ་མ་ཟད། བོད་དོན་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་གནང་ཡོད། ཁོང་གིས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོའི་གལ་ཆེ་རང་བཞིན་དང་རང་དབང་ཆེད་དུ་ཚེ་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་གུས་འདུད་ཞུ་དགོས་པའི་སོགས་ཀྱི་སྐོར་གསུངས་ཡོད་པ་མ་ཟད། བོད་པའི་གཞོན་སྐྱེས་རྣམས་ལ་རྒན་རབས་རྣམས་ཀྱིས་རྒྱ་གར་ཡུལ་མི་དང་འབྲེལ་ལམ་ཡག་པོ་བཟོས་ཡོད་པ་དག་འབྲེལ་ལམ་བརྟན་པོ་ཉར་དགོས་པའི་སློབ་སྟོན་ཡང་གནང་ཡོད། དེ་བཞིན་ཁོང་གིས་མང་ཚོགས་ལ་སྟོན་པ་བཅོམ་ལྡན་འདས་དང་བདག་ཉིད་ཆེན་པོ་གྷན་དྷི་རྣམ་གཉིས་ལ་མིག་དཔེ་བྱས་ཏེ་ཞི་བདེ་དང་འཚེ་མེད་ཞི་བའི་ཐོག་ལས་འགུལ་མུ་མཐུད་སྤེལ་དགོས་པའི་སྐུལ་མའང་གནང་ཡོད།
མཐར་ས་གནས་རང་བདེན་ཚོགས་མི་ཤ་ཉེ་ལགས་ཀྱིས་སྐུ་མགྲོན་གཙོ་བོར་ཐུགས་རྗེ་ཆེ་ཞུས་རྗེས། སྐུ་མགྲོན་གཙོ་བོས་གནས་འགོ་འཛིན་དང་ལྷན་ས་གནས་སུ་ཡོད་པའི་བོད་པའི་དགོན་པ་དང་རྒྱལ་བའི་ཕོ་བྲང་བཅས་ལ་གཟིགས་སྐོར་ཕེབས་ཡོད་པ་བཅས། །