༄༅། །ཁེ་ན་ཌ་བྷིར་ཊི་ཤི་ཁོ་ལམ་བྷེ་ཡ་ཁུལ་དུ་བོད་མི་གསར་དུ་སླེབས་མཁན་རྣམས་ལ་རོགས་སྐྱོར་གནང་མཁན་སྐུ་ཞབས་རེ་མོནྜ་ཡི་ (Raymond Yee) ལགས་བདུན་ཕྲག་འདིའི་ནང་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཐུགས་གསོ་གནང་དོན། སྐུ་ཞབས་རེ་མོནྜ་ཡི་ལགས་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོ་གནས་ཚུལ་ཐོས་པར་ཧ་ཅང་ཐུགས་ཕམ་ཆེན་པོ་བྱུང་། ཁོང་གིས་མི་ཚེ་གང་པོར་དྲང་བདེན་དང་རང་དབང་ཐོག་བསྐྱོད་པ་མ་ཟད་ཆོད་སེམས་བརྟན་པོ་ཡོད་མཁན་ཞིག་ཡིན།
ཁོང་ནི་ཁེ་ན་ཌའི་རྒྱ་རིགས་ཤིག་ཡིན་པའི་ཐོག་ནས་བོད་མི་དང་ལྷན་དུ་འབྲེལ་བ་བྱས་པའི་བརྒྱུད་རྒྱ་རིགས་དང་བོད་རིགས་གཉིས་ཀྱི་དབར་གྲོགས་འདྲིས་ཡོང་ཐུབ་ངེས་ཡིན་པར་གསལ་པོ་བསྟན་ཡོད། ང་ཚོའི་དམ་པ་ཁོང་གི་བཟའ་ཟླ་དང་ནང་མི་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུ་གི་ཡོད། ཅེས་དང་།
གཞན་ཡང་ཉེ་ཆར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ མཛད་སྒོར་དམ་པ་ཁོང་དྲ་རྒྱ་མཉམ་ཞུགས་གནང་ཡོད།
སྤྱིར་དམ་པ་ཁོང་དང་ཁོང་གི་བཟའ་ཟླ་གཉིས་ནི་ཁེ་ན་ཌ་བོད་རིགས་ཚོགས་པའི་ཚོགས་མི་སེམས་ཤུགས་ཆེན་པོ་ཞིག་ཡིན་པ་མ་ཟད། བོད་མི་སྟོང་ཕྲག་གཅིག་ཁེ་ཎ་ཌར་གནས་སྤོ་བྱ་རྒྱུའི་གཞུང་འབྲེལ་ལས་གཞི་ (Canadian Tibetan Resettlement Project) ཐོག་རོགས་སྐྱོར་ཕོན་ཆེ་གནང་མཁན་ཞིག་ཀྱང་ཡིན་པ་བཅས།།