༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༦ རེས་གཟའ་པ་སངས་ཉིན་བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱི་གོ་སྒྲིག་འོག་ (Clubhouse) ཞེས་པའི་བཀོལ་སྤྱོད་མཉེན་ཆས་བརྒྱུད་ (China news) ཞེས་པའི་ཚོགས་པའི་སྟངས་འཛིན་བརྒྱུད་རྒྱ་སྐད་ཐོག་བོད་དོན་གླེང་སློང་གི་ལས་རིམ་ཐེངས་དང་པོ་བསྐོང་ཚོགས་གནང་ཡོད།
དེ་ཡང་བོད་དོན་གླེང་སློང་གི་བརྗོད་གཞི་ནི། (Clubhouse) ཞེས་པའི་བཀོལ་སྤྱོད་མཉེན་ཆས་ནང་བོད་ག་པར་ཡོད། ཅེས་ཡིན། ཚོགས་པ་དེས་རྒྱ་ནག་ནང་ཚོགས་སྡེ་ཁག་འདྲ་མིན་ལ་བཙན་གནོན་གཏོང་བཞིན་པའི་བྱ་སྤྱོད་ངན་པ་སོགས་ཀྱི་ཐད་གླེང་སློང་བྱེད་ཀྱི་ཡོད།བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་བྱ་རྒྱུར་དམ་བསྒྲགས་ཤུགས་ཆེ་ཡོད་པར་བརྟེན་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཤེས་རྟོགས་བྱ་རྒྱུར་ཁག་པོ་ཡོད་སྐོར། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་སྐོར། བོད་མིའི་སྒྲིག་འཛུགས་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་འབད་བརྩོན་བྱེད་བཞིན་ཡོད་པའི་སྐོར་སོགས་ངོ་སྤྲོད་དང་འབྲེལ་ཕྱི་རྒྱལ་དང་རྒྱ་ནག་སྐམ་ས་ཆེན་པོར་གནས་པའི་རྒྱ་རིགས་རྣམས་ལ་བོད་མི་དང་ལྷན་ཐུག་འཕྲད་ཀྱིས་སྦས་སྐུང་མེད་པར་བོད་ཀྱི་དངོས་ཡོད་གནས་ཚུལ་རྣམས་ཤེས་རྟོགས་བྱ་དགོས་པའི་འབོད་སྐུལ་དང་འབྲེལ་ཚོགས་བཅར་བའི་དོགས་འདྲིར་ལན་འདེབས་གནང་ཡོད།
དེ་ནས་ཚོགས་བཅར་བ་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་དོན་ལས་འགུལ་ཐོག་རེ་བ་མཚོན་གྱི་ཡོད་པ་དང་། རྒྱ་ནག་སྐམ་ས་ཆེན་པོ་ཆེན་པོའི་རྒྱ་རིགས་ཚོགས་བཅར་བ་རྣམས་ཀྱིས་བོད་མིར་གདུང་སེམས་མཉམ་སྐྱེ་ཡོད་སྐོར་གསུངས།
རྒྱ་རིགས་ཁྲིམས་རྩོད་པ་དང་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཁྲེན་ཀོང་ཁྲེང་ (Mr Chen Guangcheng) ལགས་དང་། རྒྱ་རིགས་སྒྱུ་རྩལ་བ་སྐུ་ཞབས་ཨེ་ཝེ་ཝེ་ (Ai Weiwei) ལགས་གཉིས་རྣམ་གཉིས་ཀྱང་མཉམ་ཞུགས་ཀྱིས་སྐུ་ཞབས་ཁྲེན་ཀོང་ཁྲེང་ལགས་ཀྱིས་དེ་སྔ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་མྱོང་ཡོད་སྐོར་དང་། ཨ་རིར་གནས་སྡོད་བོད་མིའི་བྱམས་སྙིང་རྗེའི་བསམ་བློ་འཁྱེར་སོ་ལ་ཁོང་རང་ཉིད་ཇི་ལྟར་སེམས་འགུལ་ཐེབས་ཡོད་སྐོར་གྱི་མྱོང་ཚོར་དང་། རྒྱ་རིགས་རྣམས་བོད་མིའི་མདུན་ནས་བྱམས་སྙིང་རྗེ་དང་ནང་ཆོས་ཉམས་ལེན་བྱེད་སྟངས་ཐོག་ལེགས་བཤད་བླང་དགོས། ཞེས་གསུངས།
སྐུ་ཞབས་ཨེ་ཝེ་ཝེ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་མུ་མཐུད་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྐོར་སོགས་གསུངས། སྐབས་དེར་བོད་དོན་ཐད་དོ་དབྱིངས་དང་ཤེས་རྟོགས་ཀྱི་འདུན་པ་ཡོད་པའི་ཐོག་ཡུ་གུར་དང་ཧོང་ཀོང་། སོག་པོ། ཐེ་ཝན། དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་དང་རྒྱ་ནག་སྐམ་ས་ཆེན་པོ་ནས་ཡིན་པའི་རྒྱ་རིགས་མང་དག་ཅིག་མཉམ་ཞུགས་ཀྱིས་བོད་དོན་ཐད་གོ་བསྡུར་ལྷུག་པོ་གནང་ཡོད་པ་བཅས། །