ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༨ རེས་གཟའ་ཟླ་བ།༄༅། །འདི་གར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བཏང་གནས་ནང་འཁོདདོན། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་བོད་ལུགས་དང་ཕྱི་ལུགས་སྨན་ཟུང་འབྲེལ་གྱི་ལས་གཞིའི་འོག་ལུགས་གཉིས་ཀྱི་སྨན་པ་དང་སྨན་ཞབས་རྣམས་ལ་དྲ་ལམ་བརྒྱུད་ཟབ་སྦྱོང་ཞིག་འབུལ་གཏན་འཁེལ་བ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༣ ཉིན་བོད་ལུགས་གསོ་བ་རིག་པའི་སྨན་པ་རྣམས་ལ་ཕྱི་ལུགས་སྨན་གྱི་རྒྱུས་སྟོན་ཟབ་སྦྱོང་དང་ཕྱི་ཚེས་ ༢༦ ཉིན་ཕྱི་ལུགས་སྨན་པ་དང་སྨན་ཞབས་པ་རྣམས་ལ་བོད་ལུགས་གསོ་བ་རིག་པའི་ངོ་སྤྲོད་ཟབ་སྦྱོང་ཞིག་དྲ་ཐོག་ནས་ཕུལ་ཡོད།
འདི་ལྟ་བུའི་ཟབ་ཁྲིད་ཀྱི་དམིགས་ཡུལ་གཙོ་བོ་ནི། དེང་འཛམ་གླིང་ནང་གཅོང་ནད་དང་ཚབས་ཆེའི་ནད་རིགས་མང་པོར་ཕྱི་ལུགས་སམ་ཡང་ན་སྲོལ་རྒྱུན་སྨན་ལུགས་ཁོ་ནས་ནད་པར་ཕན་སྐྱེད་སྦྱིན་དཀའ་བས་ནད་ཀྱི་ངོ་བོ་དང་ནད་པའི་ཁམས་དང་རང་བཞིན་ལ་དམིགས་ནས་དེང་དུས་སྨན་དང་སྲོལ་རྒྱུན་སྨན་གཉིས་ཟུང་དུ་འབྲེལ་ནས་ནད་པར་གསོ་བཅོས་བྱེད་ཚེ་དོན་དངོས་ནད་པར་ཕན་ཐོགས་ཆེན་པོ་ཡོད་པར་དམིགས་ནས་ཟབ་ཁྲིད་འདི་ཉིད་གོ་སྒྲིག་ཞུས་པ་ཞིག་ཡིན། དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཟུང་འབྲེལ་སྨན་བཅོས་ཐོག་བཀའ་སློབ་སྔ་རྗེས་དང་། ལྷག་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་ཀྱི་གསོ་བ་རིག་དང་དེང་རབས་ཀྱི་གསོ་རིག་དབར་ཕན་ཚུན་གོ་བསྡུར་ཉམས་ཞིབ་ཡར་རྒྱས་གཏོང་ཐབས་ཞེས་དང་། ཡང་སྒོས་འཕྲོད་བསྟེན་བསྐྱར་ཞིབ་ཚོགས་འདུ་རིམ་པའི་ཐོག་གྲོས་བསྡུར་དང་། ཕྱི་ལོ་ ༢༠༡༨ ལོའི་ལྔ་དང་ལྔ་བཅུའི་ཚོགས་འདུའི་རྒྱབ་གཉེར་བྱུང་དོན་ཕྱི་ལོ་ ༢༠༡༩ ལོར་ཟུང་འབྲེལ་ལས་གཞིའི་ཐོག་ཚོགས་འདུ་བསྐོང་ཚོགས་དང་། ཕྱི་ལོ་ ༢༠༢༠ ལོར་དངོས་སུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་སུ་ཟུང་འབྲེལ་ལས་གཞིའི་འབྲེལ་མཐུད་སྨན་པ་ཞིག་བསྐོ་གཞག་གིས་ལས་གཞི་དངོས་སུ་སྒོ་འཛུགས་གནང་།
ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ ༡༩ ནད་ཡམས་ཀྱི་རྐྱེན་པས་སྨན་པ་དང་སྨན་ཞབས་མང་ཆེ་བ་ས་གནས་སུ་མི་མང་གི་འཕྲོད་བསྟེན་དང་ནད་ཡམས་སྔོན་འགོག་གི་ལས་དོན་ལ་གཉེར་དགོས་བྱུང་བས་ཟབ་ཁྲིད་ཆེད་དུས་ཚོད་བཏོན་དཀའ་བ་བྱུང་ཡོད། ད་ལྟའི་ཆར་ཡང་རྒྱལ་ནང་གི་འགྲུལ་བཞུད་དང་ས་གནས་སུ་ཟུར་བཀག་སྡོད་དགོས་སོགས་ཀྱི་འགོག་རྐྱེན་མང་དག་རྐྱེན་པས་ངོ་ཐོག་ཟབ་ཁྲིད་གོ་སྒྲིག་ཞུ་སྟབས་མ་བདེ་ཡང་ཟླ་རེར་ཐེངས་རེར་དྲ་ལམ་བརྒྱུད་ནས་ལུགས་གཉིས་ཀྱི་ཆེད་མཁས་གདན་ཞུས་ཀྱིས་ཟབ་ཁྲིད་དངོས་སུ་འགོ་འཛུགས་ཐུབ་པ་བྱུང་ཡོད།
དྲ་ཐོག་ཟབ་ཁྲིད་ཀྱི་དབུ་འབྱེད་ལས་རིམ་ཐོག་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་གིས་དྲ་ལམ་བརྒྱུད་ལས་གཞིའི་རྒྱབ་ལྗོངས་དང་དམིགས་ཡུལ། ཟུང་འབྲེལ་གྱི་གལ་གནད་ཐོག་དབུ་འབྱེད་གསུང་བཤད་གནང་། ད་ལན་དྲ་ཐོག་ཟབ་ཁྲིད་འདི་ཕྱི་ཟླ་ ༢ ནས་ ༦ བར་ཁྱོན་ཟླ་བ་ལྔའི་རིང་ཟླ་རེར་ཉིན་གཅིག་སྟེ་ཁྱོན་བསྡོམས་ཚོགས་ཐེངས་ ༢༠ དང་ཆུ་ཚོད་བསྡོམས་ ༢༥ ཅན་གྱི་ཟབ་ཁྲིད་གནང་གཏན་འཁེལ་ཡོད། དེ་རྗེས་ལུགས་གཉིས་ཀྱི་སྨན་པ་རྣམས་ལ་དགོས་ངེས་མྱུར་སྐྱོབ་གསོ་བཅོས་ལག་ལེན། དེ་བཞིན་གསོ་རིག་ལུགས་ཀྱི་རླུང་གསང་ངོ་སྤྲོད་དང་བསྐུ་མཉེ་སོགས་སྟབས་བདེའི་ལག་ལེན་རྣམས་དམར་འཁྲིད་ཞུ་རྒྱུའི་འཆར་གཞི་ཡོད་པ་བཅས།།