ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༠ རེས་གཟའ་ལྷག་པ།
༄༅། །དེ་རིང་ནི་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཕྲག་བརྒལ་བས་མ་བགྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་རྒྱ་གཞུང་གིས་བོད་ཡུལ་བཙན་བཟུང་དང་། བོད་མིར་མི་སྤྱོད་ལས་འདས་པའི་དྲག་གནོན་བྱས་པ་ལ་འཚེ་མེད་ཞི་བའི་ལམ་ནས་སྒེར་ལངས་བྱས་ཏེ་མི་ལོ་ ༦༢ འཁོར་བའི་དུས་དྲན་ཉིན་མོ་དེ་ཡིན་ཞིང་། བོད་མིའི་སྒྲིག་འཛུགས་ངོས་ནས་བོད་བསྟན་སྲིད་ཀྱི་སླད་དུ་རྩ་ཆེའི་ལུས་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རང་བསྔགས་བརྗོད་དང་མྱ་ངན་གུས་འདུད་ཞུ་རྒྱུ་མ་ཟད། ད་ལྟ་བཙན་འོག་ཏུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་ཉེས་མེད་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་གདུང་ཤུགས་དྲག་པོས་ཐུགས་གསོ་ཞུ་རྒྱུ་ཡིན།
དེ་ཡང་ཕྱི་ལོ་ ༡༩༤༩ ལོ་ནས་རྒྱ་དམར་དཔུང་དམག་གིས་བོད་ལ་བཙན་འཛུལ་བྱས་པའི་ཛ་དྲག་གནས་སྟངས་ལ་བརྟེན་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་དགུང་ལོ་ ༡༦ སོན་སྐབས་བོད་ཀྱི་ལུགས་གཉིས་ཐུགས་འགན་བཞེས་རྗེས་ཞི་འགྲིག་ཡོང་ཐབས་གང་ཡོད་མཛད་ཀྱང་། ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་བཙན་དབང་འོག་ནས་བཞག་བཅུག་པ་དང་། རྒྱ་དམག་སྟོང་ཚོ་མང་པོར་ཟ་འབྲུའི་མཐུན་རྐྱེན་སྦྱར་དགོས་པ་སོགས་བོད་མིར་བརྡབ་གསིག་ཆེན་པོ་བཟོས་ཡོད་རུང་། ལོ་ངོ་དགུ་ཙམ་རིང་བཟོད་བསྲན་གྱིས་འགྲིག་འཇགས་ཡོང་ཐབས་ཁོ་ན་མཛད་ཡོད།
ཕྱི་ལོ་ ༡༩༥༩ ཟླ་ ༣ པའི་ནང་༸གོང་ས་མཆོག་རྒྱ་མིའི་དམག་སྒར་ལ་ཟློས་གར་གཟིགས་འབུལ་ཞུ་རྒྱུའི་གཡོ་བྱུས་འོག་ནས་འཛིན་བཟུང་བཙན་འཁྲིད་བྱེད་འཆར་ཡོད་པའི་དོགས་གཞི་ཆེན་པོ་བྱུང་སྟེ། ཚེས་ ༡༠ སྔ་དྲོ་ནས་ནོར་གླིང་ལྕགས་རིའི་ཕྱི་ངོས་སུ་མི་མང་སྟོང་ཕྲག་མང་པོའི་སྐད་སྒྲས་ཁེངས་ཤིང་ཟང་ཟིང་དུ་གྱུར་ཡོད་པ་མ་ཟད། རྒྱ་མི་ཕྱིར་ལོག་འགྲོ་དགོས། བོད་ནི་བོད་མིའི་ཡིན། ཞེས་པ་སོགས་ཀྱི་སྐད་འབོད་གནང་སྟེ། ༸གོང་ས་མཆོག་རྒྱ་མིའི་དམག་སྒར་ལ་ཕེབས་རྒྱུ་འགོག་ཐབས་སུ་ཞི་བའི་སྒེར་ལངས་གནང་ཡོད།
དེ་ནས་ཉི་མ་འགྲོ་རིམ་བཞིན་གནས་ཚུལ་ཛ་དྲག་ཏུ་ཕྱིན་ཏེ། ཚེས་ ༡༦ ཉིན་རྒྱ་མིས་ཕོ་བྲང་ལ་མེ་སྒྱོགས་རྒྱག་རྩིས་ཡོད་པའི་དོགས་གཞི་གཅིག་མཇུག་གཉིས་མཐུད་བྱུང་ཞིང༌། ཕྱི་ཉིན་དགོང་དྲོ་ཆུ་ཚོད་བཞི་པ་ཙམ་ལ་རྒྱ་མིའི་སྡོད་སྒར་གྱི་ཉེ་སྐོར་ནས་མེ་སྒྱོགས་གཉིས་ཀྱི་སྒྲ་ཐོས་ཤིང༌། ཕོ་བྲང་གི་བྱང་སྒོའི་ཕྱི་ངོས་ཀྱི་འདམ་རྫབ་ནང་སྒྱོགས་མདེལ་ལྷུང་བ་བྱུང་ཡོད་སྟབས། ཚེས་ ༡༧ མཚན་མོ་ལྷ་ལྡན་ཞལ་གྱེས་ནས་བཙན་བྱོལ་ལ་མ་ཕེབས་ཀ་མེད་ཆགས་པ་དང་། ཚེས་ ༢༠ ཉིན་ཧྲིལ་པོ་ནོར་གླིང་དང་། ཕོ་བྲང་པོ་ཏཱ་ལ། ལྷ་སའི་གྲོང་ཁྱེར། ལྷ་ཁང་། ཉེ་འཁོར་དགོན་པ་ཁག་བཅས་ལ་མེ་སྒྱོགས་དྲག་ཆར་བཞིན་འཕངས་ཏེ། བོད་མི་སྟོང་ཕྲག་མང་པོ་བསད་རྨས་དང་། ཕོ་བྲང་པོ་ཏཱ་ལ་དང་ནོར་གླིང་གཙོས་པའི་དགོན་པ་དང་ལྷ་ཁང་སོགས་གཏོར་བཤིག་བཏང་ཡོད།
འདས་པའི་ལོ་ངོ་དྲུག་ཅུ་བརྒལ་བའི་ནང་བོད་མི་ས་ཡ་གཅིག་ལྷག་གི་ཚེ་སྲོག་ཤོར་བར་མྱ་ངན་གུས་འདུད་དང་། གཞིས་བཞུགས་བོད་མི་རྣམས་ཉིན་མཚན་དུས་དྲུག་དངངས་འཚབ་ངང་བཞུགས་དགོས་པར་གདུང་སེམས་མཉམ་བསྐྱེད་ཞུ་དགོས་པའི་དུས་ཚིགས་ཤིག་ཡིན་ཡང་། ཕྱོགས་གཞན་ནས༌གཞིས་བཞུགས་བོད་མི་རྣམས་ཀྱིས་རང་གི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་བཅས་པ་མི་ཉམས་རྒྱུན་འཛིན་བྱེད་རྒྱུའི་ལྷག་བསམ་དང་སྙིང་སྟོབས་འགྱུར་མེད་རི་རབ་ལ་འགྲན་བཟོད་པ་ཞིག་ཡོད་པར་ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་མི་རྣམས་སྤོབས་པ་སྐྱེ་དགོས་པའི་ཉིན་མོ་ཞིག་ཀྱང་ཆགས་ཡོད།
འོན་ཀྱང་རྒྱ་གཞུང་གིས་ལོ་ཟླ་རིམ་སོང་བཞིན་བོད་མིའི་མངོན་འདོད་དེ་དག་རྡོག་རོལ་རྩིས་མེད་ཐོག བོད་མིས་སྨྲ་བརྗོད་དང་ཆོས་དད་རང་དབང་སོགས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལོངས་སུ་སྤྱད་ཚེ། རྒྱལ་ཁབ་ཁ་བྲལ་དུ་བརྩིས་ནས་འཛིན་བཟུང་དང་། བཀག་ཉར། བཙོན་འཇུག་ཐོག་མནར་གཅོད་ཚད་ལས་བརྒལ་བ་གཏོང་གི་ཡོད་པ་མ་ཟད། མང་པོ་ཞིག་རྡུང་རྡེག་ཚད་མེད་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད། དཔེར་ན། ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༧ ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་བཅུག་པའི་དཀར་མཛེས་སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཡུལ་ཚོའི་ས་གནས་རྒྱ་གཞུང་གི་ལས་ཁུངས་མདུན་དུ་བོད་རང་བཙན་དགོས་པའི་ཡིག་ཆ་བཀྲམ་ཡོད་པ་ཤེས་རྗེས་ཟླ་དེའི་ཚེས་ ༩ ཉིན་རང་ལོ་ ༡༩ སོན་པའི་གྲྭ་བསྟན་འཛིན་ཉི་མ་ལགས་དང་གྲྭ་པ་གཞན་བཞི་དང་མི་སྐྱ་གཉིས་བཅས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཏེ། གཞན་དྲུག་ལ་ལོ་གཅིག་ནས་ལྔ་བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། བསྟན་འཛིན་ཉི་མར་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་འདི་ལོ་ཟླ་ ༡ ཚེས་ ༡༩ ཉིན་འདས་གྲོངས་སུ་གྱུར་ཡོད།
ཡང་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༨ ཉིན་འབྲི་རུ་རྫོང་ཆགས་རྩེ་ཤང་ནས་ཡིན་པའི་ཡུལ་སྐོར་སྣེ་ཤན་པ་དཀོན་མཆོག་སྦྱིན་པ་ལགས་ཀྱིས་ས་གནས་སུ་ངོ་རྒོལ་བྱུང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་ལོ་ངོ་ ༢༡ ཁྲིམས་ཐག་བཅད་ཡོད་པའི་ཐོག བཙོན་ཁང་དུ་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་ནད་གཅོང་དུ་གྱུར་ཡོད་པའི་གནས་ཚུལ་འདི་ལོའི་ཟླ་ ༡ ཚེས་ ༢༩ ཉིན་ལོ་ངོ་བདུན་ལྷག་ཕྱིན་རྗེས་ནང་མིས་ཤེས་རྟོགས་བྱུང་ཡང་རྒྱ་གཞུང་གིས་ཐུག་འཕྲད་བྱེད་མ་བཅུག་པར་འདི་ལོའི་ཟླ་ ༢ ཚེས་ ༦ ཉིན་ཁོང་འདས་གྲོངས་སུ་གྱུར་ཡོད།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ལོ་གཅིག་ནས་ལྔ་བར་དུ་བཙོན་འཇུག་ཁྲིམས་ཐག་བཅད་པའི་བོད་མི་གཞན་དྲུག་གློད་བཀྲོལ་གཏང་དགོས་པ་དང་། གྲྭ་བསྟན་འཛིན་ཉི་མ་ལགས་དང་དཀོན་མཆོག་སྦྱིན་པ་ལགས་འདས་གྲོངས་གྱུར་པའི་ཐད་རྒྱ་གཞུང་ནས་ཁྲིམས་མཐུན་གསལ་བཤད་དགོས་པ་མ་ཟད། དཀོན་མཆོག་སྦྱིན་པར་གནས་ཚུལ་དེ་ཙམ་ལ་ལོ་ངོ་ ༢༡ ཁྲིམས་ཐག་བཅད་པ་འོས་མིན་གསུངས་པ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་སྤྱི་དང་ལྷག་པར་དུ་གཏན་འཇགས་ཚོགས་མི་རྣམས་ཀྱིས་ཐུགས་འགན་བཞེས་ཏེ། རྒྱ་གཞུང་ལ་གོང་གི་གནས་ཚུལ་གཉིས་ཐོག་འགན་ཁུར་ལྡན་པའི་གསལ་བཤད་དགོས་པའི་དགོས་འདུན་ངེས་པར་དུ་འདོན་དགོས།
ཕྱི་ལོ་ ༢༠༢༠ ཟླ་ ༡༢ ནང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ལོ་འཁོར་སྙན་ཐོ་བཏོན་པའི་ནང་དུ་བོད་ནང་ཆོས་དད་རང་དབང་མུ་མཐུད་སྡུག་ཏུ་འགྲོ་ཡི་ཡོད་པ་བཀོད་པ་བཞིན། བོད་ནང་ཆོས་དད་རང་དབང་ལ་སྔར་ལས་ལྷག་པའི་རྡོག་རོལ་གཏོང་བཞིན་པ་མ་ཟད། བར་ལམ་ནས་བོད་ཀྱི་ནང་ཆོས་རྒྱ་ནག་ཅན་དུ་བསྒྱུར་རྒྱུའི་ཐབས་ཤེས་སྣ་ཚོགས་བྱེད་ཀྱི་ཡོད། ཉེ་ཆར་ཟླ་ ༢ པའི་ནང་རྒྱ་ནག་གི་རྒྱལ་ཁྱབ་ཆོས་ལུགས་ལས་ཁུངས་ཟེར་བས་ཆོས་ལུགས་མི་སྣ་དམ་བསྒྲགས་བྱེད་རྒྱུའི་སྒྲིག་གཞི་གསར་པ་ཞིག་ཕྱིར་བསྒྲགས་གནང་བས་ཀྱང་ཆོས་ཕྱོགས་ཀྱི་མི་སྣ་ཚོར་ཕྱིའི་ཤུགས་རྐྱེན་འགོག་ཐབས་བྱེད་ཀྱི་ཡོད་པ་གསལ་པོ་ཡིན་ཞིང་། དེའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དབུ་འཁྲིད་དང་སྤྱི་ཚོགས་རིང་ལུགས་ལ་རྒྱབ་སྐྱོར་དགོས་པ་དང་། ཆོས་འཆད་བྱེད་སྐབས་ཆོས་ལུགས་རྒྱ་ནག་ཅན་དུ་བསྒྱུར་རྒྱུ་གོང་སྤེལ་གཏོང་དགོས་པ་སོགས་བཀོད་ཡོད། ལར་ནས་རྒྱ་གཞུང་གིས་སོ་སོའི་ཆབ་སྲིད་དགོས་མཁོ་མ་གྲུབ་ན། ཉེས་མེད་བོད་མི་རྣམས་གང་བྱུང་འཛིན་བཟུང་གིས་ཁྲིམས་ཆད་བཏང་བ་དང་། རང་སྣང་གང་དྲན་གྱི་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་མི་ཉུང་བ་ཡོང་གི་ཡོད།
༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ནང་མི་ལྷན་རྒྱས། བྱ་བྲལ་རིན་པོ་ཆེ་བཅས་རྒྱ་གཞུང་གིས་བཙན་ཁྲིད་འོག་ལོ་ངོ་ ༢༦ རིང་གར་སོང་ཆ་མེད་དུ་གྱུར་པ་ནི། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་འཕྲོག་པ་མ་ཟད། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་གི་གདན་སར་ཆོས་ཕྱོགས་ཀྱི་གསན་བསམ་སྒོམ་གསུམ་རང་དབང་སྒོ་ནས་གནང་རྒྱུ་མེད་པ་ནི་ཆོས་དད་རང་དབང་འཕྲོག་པ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པའི་མི་སྣ་སྲུང་སྐྱོབ་ཀྱི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་བཅུ་བདུན་པའི་དང་པོར། གར་སོང་ཆ་མེད་དུ་གྱུར་པའི་བྱ་སྤྱོད་སྤེལ་རིགས་གང་ཡིན་ཡང་ནག་ཉེས་བྱེད་པོ་དེས་གར་སོང་ཆ་མེད་དུ་གྱུར་པའི་མི་དེའི་གནས་སྟངས་སྦ་གསང་བྱས་པ་གསལ་པོ་མ་ཆགས་བར་དུ་མུ་མཐུད་ནག་ཉེས་ཆགས་ཀྱི་ཡོད། ཅེས་འཁོད་པ་ལྟར། རྒྱལ་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་ཁྲིམས་ལྟར་མཇུག་གནོན་ངེས་པར་དུ་གནང་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་ཐབས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་ཚོགས་ཆུང་དང་། བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་པའི་ལས་དོན་ཚོགས་ཆུང་། རྒྱལ་ཁབ་མང་པོའི་དབུ་འཁྲིད། བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་ལོ་མང་རིང་ལྷག་བསམ་རྣམ་དག་གིས་གྲོས་ཆོད་དང་། སྙན་ཐོ་སོགས་བཏོན་ནས་འབོད་སྐུལ་གནང་ཡོད། དེ་བཞིན་བོད་མིའི་སྒྲིག་འཛུགས་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་འབད་བརྩོན་གང་ཐུབ་ཞུས་ཡོད། ལྷག་པར་དུ་སྔ་ལོར་དོན་གཅོད་ཁག་བརྒྱུད་ཁོང་གི་འཁྲུངས་སྐར་ཉིན་མོ་ནས་ཟླ་བ་གཅིག་རིང་ཞུ་གཏུག་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཡོད། འོན་ཀྱང་རྒྱ་གཞུང་གིས་ད་བར་དུ་ལན་འདེབས་གཅིག་ཁོ་ན་བསྐྱར་ཟློས་ཡང་ཟློས་བྱས་པ་ལས་རྒྱལ་སྤྱི་དང་ང་ཚོའི་དགོས་འདུན་གང་ཡང་བསྒྲུབས་མེད། གལ་ཏེ་རྒྱ་གཞུང་ནས་གང་བཤད་པ་བདེན་པ་ཡིན་ན། རྒྱལ་སྤྱིའི་སྡིངས་ཆའི་སྟེང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ནང་མི་ལྷན་རྒྱས། བྱ་བྲལ་རིན་པོ་ཆེ་བཅས་ལྷན་བཞུགས་དངོས་སུ་བསྟན་ནས་བདེན་པ་ར་སྤྲོད་བྱེད་དགོས།
ལྷག་པར་དུ་དེང་སང་དྲྭ་རྒྱའི་དུས་དང་བསྟུན་ནས་རང་དབང་ཅན་གྱི་རྒྱལ་ཁབ་ཁག་ཏུ་གནས་ཚུལ་བཟང་ངན་གང་ཡིན་མི་མང་གིས་ལམ་སང་ཤེས་རྟོགས་ཐུབ་ཀྱང་། བོད་ནང་རྒྱ་གཞུང་གིས་བཀོད་ཁྱབ་འོག་ཡོད་པའི་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲྭ་ལམ་མ་གཏོགས་ལྟ་ཀློག་མི་ཐུབ་པ་མ་ཟད། དེ་དག་ལའང་སོ་ལྟ་དང་དམ་བསྒྲགས་ཇེ་ཆེར་བྱེད་ཀྱི་ཡོད་སྟབས་གནས་ཚུལ་མང་པོ་དུས་ཐོག་མ་ཤེས་པའི་གནས་སྟངས་ཡང་ནས་ཡང་དུ་ཡོང་གི་ཡོད། དཔེར་ན། མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་ཚོ་ནས་ཡིན་པའི་བོད་མི་ལྷུན་གྲུབ་རྡོ་རྗེ་ལགས་ཀྱིས་སྒེར་གྱི་སྐད་འཕྲིན་དང་ཝེ་པོ་དྲྭ་ཚིགས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་བརྙན་ཐུང་སོགས་བརྒྱུད་སྤེལ་གནང་བ་ལ་བརྟེན་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ པའི་ནང་འཛིན་བཟུང་གིས་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༡༧ ཉིན་འབྲི་རུ་རྫོང་ཤག་ཆུ་ཁ་གྲོང་སྡེར་ཤུར་མོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་འདི་ལོའི་ཟླ་ ༡ ཚེས་ ༡༢ ཉིན་ལོ་ངོ་ལྔ་ལྷག་ཕྱིན་པའི་རྗེས་སུ་མ་གཏོགས་ཤེས་རྟོགས་བྱུང་མེད།
མདོར་ན། བོད་མི་རིགས་ཀྱིས་ལོ་ངོ་དྲུག་ཅུ་ལྷག་བོད་བསྟན་སྲིད་ཆེད་དུ་སྙིང་སྟོབས་ཞུམ་པ་མེད་པར་ཚེ་སྲོག་བློས་བཏང་གནང་ཡོད་པ་མ་ཟད། ལྷག་པར་དུ་ཕྱི་ལོ་ ༢༠༠༩ ནས་ད་བར་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁྱོན་བསྡོམས་ ༡༥༥ བྱུང་ཡོད་ཅིང་། དེའི་ཁྲོད་ནས་རྒྱལ་གཅེས་པ་ ༡༣༣ འདས་གྲོངས་སུ་གྱུར་ཟིན། ང་ཚོའི་ངོས་ནས་ཁོང་རྣམ་པས་བོད་ལ་རང་དབང་དགོས་པ་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་གདན་འདྲེན་ཞུ་དགོས་པའི་མངོན་འདོད་བསྒྲགས་པ་དེ་དག་ཉིན་མཚན་དུས་དྲུག་ཏུ་མ་བརྗེད་པའི་ཐོག་མངོན་འདོད་དེ་དག་སྒྲུབ་ཐབས་སུ་འབད་བརྩོན་ངེས་པར་དུ་གནང་དགོས།
འཛམ་གླིང་མི་མང་གིས་བོད་ནང་གསར་འགོད་དང་དྲྭ་རྒྱའི་རང་དབང་སོགས་ཤིན་ཏུ་ཞན་པོ་ཡོད་པ་མཁྱེན་གསལ་བཞིན། སྔ་ལོའི་ཟླ་ ༡༢ ནང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་སྙན་ཐོ་བཏོན་པའི་ནང་རྒྱ་ནག་ནི་གསར་འགོད་རང་དབང་སྐྱོ་ཤོས་བཞི་པ་ཡིན་པ་དང་། ལོ་གཅིག་ནང་གསར་འགོད་པ་ ༡༡༧ བཙོན་འཇུག་བྱས་ཡོད་པ་ལ་བརྟེན་ནས་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་རྒྱལ་ཁབ་སྡུག་ཤོས་ཡིན་པ་གསལ་འདོན་གནང་ཡོད། ལྷག་པར་དུ་ཨ་རིའི་རང་དབང་ཁང་པས་སྔ་ལོ་ཟླ་ ༡༠ པར་ཕྱི་ལོ་ ༢༠༢༠ ལོའི་དྲྭ་རྒྱའི་རང་དབང་གི་སྙན་ཐོ་བཏོན་པའི་ནང་། རྒྱ་ནག་ནང་དྲྭ་རྒྱ་བེད་སྤྱོད་བྱེད་མཁན་གྱི་གནས་སྟངས་ཇེ་ཞན་དུ་འགྲོ་བའི་ཐོག ལོ་དྲུག་བསྟུད་མར་འཛམ་གླིང་གི་དྲྭ་རྒྱའི་རང་དབང་རྡོག་རོལ་གཏོང་མཁན་སྡུག་ཤོས་ཡིན། ཞེས་དངོས་དོན་ར་སྤྲོད་གནང་ཡོད། དེ་བཞིན་ཨ་རིའི་རང་དབང་ཁང་པས་ཟླ་འདིའི་ཚེས་ ༣ ཉིན་བཏོན་པའི་ ༢༠༢༡ ལོའི་སྙན་ཐོའི་ནང་བོད་ནི་སི་རི་ཡ་དང་གཅིག་མཚུངས་རང་དབང་སྐྱོ་ཤོས་ཡིན་པ་བཀོད་ཡོད་ཅིང། དེས་བོད་ནང་རང་དབང་ཇི་ཙམ་སྐྱོ་པོ་ཡོད་པ་གསལ་པོ་ཆགས་ཀྱི་ཡོད། དེ་མིན་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༤ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དྲྭ་རྒྱར་དམ་བསྒྲགས་བྱེད་རྒྱུའི་དོན་ཚན་བཅུ་ཅན་གྱི་བརྡ་ཁྱབ་བཏང་བའི་ནང་མཉེན་ཆས་དམིགས་བསལ་བཀོལ་སྤྱོད་ཀྱིས་ཕྱི་ཕྱོགས་ཀྱི་དྲྭ་རྒྱ་ལྟ་ཀློག་དང་གཞན་ལ་རོགས་པ་བྱས་པ། དྲྭ་རྒྱའི་ཚོགས་པའི་ནང་ཞུགས་པ་སོགས་བྱས་ན་ཁྲིམས་འགལ་ཉེས་གསོག་གི་བྱེད་སྒོར་བརྩིས་ནས་རྡུང་རྡེག་ཚ་ནན་གཏོང་འཆར་ཡོད་པ་བསྒྲགས་པ་ནི། བོད་མི་རྣམས་ལ་དྲྭ་རྒྱའི་དམ་བསྒྲགས་སྔར་ལྷག་བྱེད་རྒྱུའི་རྣམ་པ་མི་འདྲ་བའི་ལྕགས་སྒྲོག་གསར་པ་ཞིག་ཆགས་ཡོད།
འདི་ལོའི་ཟླ་ ༢ འགོ་སྟོད་ལ་ཨ་རིའི་རང་དབང་ཁང་པས་’མཐོང་སར་མེད་ཀྱང་སྙོབ་སར་མེད་པ་མིན་’ཞེས་པའི་སྙན་ཐོ་བཏོན་པའི་ནང་རྒྱ་གཞུང་གིས་ཕྱི་ལོ་ ༢༠༡༤ ནས་ད་བར་ཕྱི་ཕྱོགས་རང་དབང་ལུང་པའི་ནང་གནས་པའི་མི་ ༢༡༤ ལ་ཐད་ཀར་དྲག་རྒོལ་བྱས་ཡོད་སྟབས། རྒྱ་ནག་ནི་འཛམ་གླིང་ནང་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་བྱེད་མཁན་རྒྱལ་ཁབ་སྡུག་ཤོས་ཡིན་པ་དང་། རྒྱ་གཞུང་གིས་ཐབས་བྱུས་སྣ་ཚོགས་སྒོ་ནས་ཕྱི་ཕྱོགས་སུ་ཡོད་པའི་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་བཅས་ཀྱི་མི་རིགས་དང་། དམར་ཤོག་ཚོགས་པའི་ཁ་གཏད་དུ་གྱུར་པའི་རྒྱ་རིགས་མང་གཙོ་དོན་གཉེར་བ་སོགས་ཀྱི་འགྲོ་འདུག་རང་དབང་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་གསལ་འདོན་གནང་ཡོད་པ་བཞིན་རྒྱལ་སྤྱིའི་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་དེ་ལ་གཞིགས་པའི་གདོང་ལེན་ངེས་པར་དུ་གནང་དགོས། དེ་མཚུངས་ཟླ་ཤས་གོང་དུ་རྒྱ་དམག་གིས་རྒྱ་གར་བྱང་རྒྱུད་ལ་དྭགས་ཕྱོགས་ནས་རྒྱལ་མཚམས་ས་ཚིགས་བརྡལ་བཤིག་བཏང་བ་མ་ཟད། རྒྱ་གར་གྱི་ས་སྲུང་དམག་མི་མང་པོ་བསད་སྨས་བྱས་ཡོད་པ་ནི། ཤིན་ཏུ་མ་འཚམས་པའི་བྱ་སྤྱོད་དམར་རྗེན་ཞིག་རེད་ཅེས་བརྗོད་རྒྱུ་དང་། དེའི་ཐད་ལ་ང་ཚོའི་ངོས་ནས་རྒྱ་གར་གཞུང་དང་མི་མང་གི་སེམས་ཚོར་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ནང་༸གོང་ས་མཆོག་གི་སྐུའི་ཡང་སྲིད་རྩད་གཅོད་གནང་རྒྱུ་༸མགོན་པོ་མཆོག་གི་ཐུགས་འདོད་ཇི་བཞིན་ལག་བསྟར་ཞུ་དགོས་པ་ལས། རྒྱ་གཞུང་དང་གཞུང་གཞན་སུས་ཐེ་བྱུས་བྱས་ན་བོད་མིའི་ཆོས་དད་རང་དབང་གི་ཐོབ་ཐང་རྩིས་མེད་བཏང་བ་ཡིན་པས། ཨ་རིའི་གཞུང་གིས་རྒྱ་གཞུང་གི་འགན་འཁྲི་ཡོད་པའི་དཔོན་རིགས་རྣམས་ལ་ཉེས་ཆད་དང་ཨ་རིར་ཡོང་མི་ཆོག་པ་བཟོ་རྒྱུ་དང་། བོད་ཀྱི་ཁོར་ཡུག་གི་གལ་གནད། བོད་མིིའི་སྒྲིག་འཛུགས་ལ་ངོས་འཛིན་ཡོད་པ་སོགས་ཀྱི་དོན་ཚན་མི་ཉུང་བ་ཁ་སྐོང་ཞུས་ཏེ། ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་བཏོན་པར་ཕྱི་ལོ་ ༢༠༢༠ ཟླ་ ༡༢ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་ནས་གཏན་འབེབས་གནང་ཡོད་པ་དང་། ཟླ་དེའི་ཚེས་ ༢༧ ཉིན་ཨ་རིའི་སྲིད་འཛིན་མཆོག་གིས་མཚན་རྟགས་བཀོད་ནས་ཁྲིམས་ཡིག་ཏུ་གྱུར་ཏེ། ཨ་རིའི་གཞུང་གིས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་ཡོད་པ་ཆགས་ཡོད་སྟབས། དེ་རིང་གི་དུས་དྲན་དང་བསྟུན་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་རྣམ་པ་དང་། ཁྲིམས་འཆར་འདོན་མཁན་དང་རྒྱབ་སྐྱོར་གནང་མཁན། ཨ་རིའི་སྲིད་འཛིན་ཟུར་པས་དབུ་ཁྲིད་པའི་སྲིད་གཞུང་བཅས་ལ་སླར་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་བཞིན་ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོའོ་བཻ་ཌེན་སྲིད་གཞུང་གི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་ བྷི་ལིན་ཀེན་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་གསུངས་པར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞིས་བྱེས་བོད་མིའི་ཡོངས་ཀྱི་ཚབ་ཞུས་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མགྱོགས་བསྐོ་གཞག་གནང་སྐྱོང་ཡོང་བ་ཞུ་རྒྱུ་མ་ཟད། ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་དང་། བོད་ལ་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་བཅས་ལག་བསྟར་དོན་འཁྱོལ་ཡོང་བའི་ཡིད་ཆེས་དང་བཅས་དེ་ལྟར་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།
ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ ༢༠༢༠ ལོའི་སྙན་ཐོའི་ནང་། ༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་གཞུང་གི་དབར་གཞུང་འབྲེལ་འབྲེལ་མོལ་ཐོག་ཡར་རྒྱས་ཕྱིན་མེད་པ་དང་། རྒྱ་གཞུང་གིས་༸གོང་ས་མཆོག་དང་ལྷན་དུ་འབྲེལ་མོལ་བསྐྱར་མཐུད་བྱེད་དགོས་པའི་རེ་སྐུལ་བཏོན་ཡོད་པ་བཞིན། གལ་ཏེ་རྒྱ་གཞུང་ལ་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཆབ་སྲིད་ཀྱི་འདུན་པ་ཡོད་ན། ང་ཚོའི་ངོས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་བྱེད་རྒྱུའི་ཆོད་སེམས་ལ་འགྱུར་བ་གཏན་ནས་མེད་ཅིང་། བོད་རིགས་ཡོངས་རྫོགས་ཆབ་སྲིད་ཀྱི་གོང་བུ་གཅིག་གི་ནང་ཚུད་དགོས་པའི་དགོས་འདུན་བཏོན་པ་ནི། མི་རིགས་ཀྱི་དཀའ་རྙོག་ཡོངས་རྫོགས་དུས་གཅིག་ཏུ་སེལ་ཐུབ་པ་ཁོ་ནའི་ཆེད་དུ་ཡིན། དེར་བརྟེན་རྒྱ་གཞུང་གི་ངོས་ནས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་འཕྲལ་དུ་འབྲེལ་མོལ་འགོ་འཛུགས་བྱེད་དགོས་པའི་རེ་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན།
ང་ཚོས་དུས་རྟག་ཏུ་སེམས་འཚབ་བྱེད་ཡུལ་ནི། གཞིས་བཞུགས་བོད་མི་ཡོངས་དང་། ལྷག་པར་དུ་ཆབ་སྲིད་བཙོན་པ་ཁག་ཆགས་ཀྱི་ཡོད། ཉེ་ཆར་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་བཙོན་འཇུག་དུས་ཡུན་རྫོགས་ནས་གློད་བཀྲོལ་ཐོབ་པར་དགའ་ཚོར་དང་བཅས། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
ད་རེས་གོ་སྐབས་འདི་བརྒྱུད་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་དང་། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་དེ་ཉིད་ཟླ་ ༤ ཚེས་ ༡༡ ཉིན་གནང་གི་ཡོད་སྟབས། སྲིད་སྤྱིའི་དངོས་གཞིའི་འོས་མིར་ཚུད་པ་རྣམས་དང་རྒྱབ་སྐྱོར་བ་རྣམས་ཀྱིས་འོས་བསྡུའི་དྲིལ་བསྒྲགས་གནང་སྐབས་བོད་ཀྱི་སྲོལ་རྒྱུན་བཟང་སྤྱོད་དང་མཐུན་པ་གནང་དགོས་ཤིང་། འོས་འཕེན་མཁན་རྒྱ་ཆེ་མི་མང་གིས་ཀྱང་བརྟག་དཔྱད་འཐུས་ཚང་གནང་ནས་འོས་ཤོག་འཕེན་དགོས། དེ་དང་ཆབས་ཅིག་ཏུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་ཆོལ་གསུམ་བོད་མི་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་དགོས་པའི་བཀའ་སློབ་ཕེབས་དོན་བཞིན། བོད་མི་ཡོངས་ཀྱིས་སྤྱི་དོན་སླད་དུ་ནུས་པ་མཉམ་སྤུངས་དང་རྡོག་རྩ་ཆིག་སྒྲིལ་སྔར་ལྷག་གནང་དགོས། དེ་མིན་སྤྱི་ཚོགས་དྲྭ་ལམ་བེད་སྤྱོད་ལོག་པར་བཏང་ནས་བོད་མིའི་ཆིག་སྒྲིལ་ལ་གནོད་པའི་འཆལ་གཏམ་དང་། དཀྲུག་ཤིང་། འཐེན་འཁྱེར་སོགས་ཀྱི་གཏམ་རྙོག་སྤེལ་མཁན་རིགས་ཤེས་རྟོགས་བྱུང་ཚེ། བོད་མིའི་སྒྲིག་འཛུགས་ངོས་ནས་ངན་པ་རྒྱ་ཡན་དུ་མ་སོང་བར་ཐེར་འདོན་བྱ་རྒྱུ་དང་། མི་མང་བྱིངས་ཀྱིས་ཀྱང་དེ་འདྲའི་མགོ་སྐོར་འོག་ལ་མ་ཚུད་པར་ཡིད་གཟབ་གནང་དགོས་པའི་དྲན་སྐུལ་ཞུ་རྒྱུ་ཡིན།
བཀའ་ཤག་སྐབས་བཅུ་བཞི་པ་དང་བཅོ་ལྔ་པའི་རིང་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་སྲུང་སྐྱོབ་ཞུ་རྒྱུ་དེ་ཉིད་གལ་འགངས་ཆེ་ཤོས་སུ་བརྩིས་ནས་སྐུ་ཕྱྭའི་སྲུང་སྐྱོབ་ཐད་ལ་འབད་བརྩོན་གང་ཐུབ་ཅི་ཐུབ་ཞུས་ཡོད་པ་མ་ཟད། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་བོད་མིའི་འཐབ་རྩོད་རྒྱུན་གནས་ཐུབ་ཐབས་སུ་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་ཞུ་སྐུལ་དང་། བཙན་བྱོལ་བོད་མིའི་ཁྲོད་དུ་ཤེས་ཡོན་དང་། ཆོས་རིག་སྲུང་སྐྱོབ། གཞིས་ཆགས་སྲ་བརྟན། མང་ཚོགས་ཀྱི་འཚོ་རྟེན་དང་འཕྲོད་བསྟེན། སྲི་ཞུ་བའི་མཐུན་རྐྱེན་སོགས་ཡར་རྒྱས་གཏོང་ཐབས་སུ་འབད་བརྩོན་གང་ཐུབ་ཞུས་པ་བཞིན་ཡར་རྒྱས་མི་དམན་ཙམ་བྱུང་ཡོད་པ་ནི། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ༸གོང་ས་མཆོག་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཆེ་ཆེ་ཞུ་རྒྱུ་དང་། མང་ཚོགས་ལའང་རྒྱབ་སྐྱོར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་རིང་གི་གོ་སྐབས་འདི་བརྒྱུད་བོད་མི་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་རྒྱ་གར་དབུས་སའི་གཞུང་མང་གཉིས་དང་། བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཁག་གི་གཞུང་དང་དབུ་འཁྲིད། གྲོས་ཚོགས་དང་གྲོས་ཚོགས་ཀྱི་འཐུས་མི། ཚོགས་སྒེར་བཅས་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ཁྱེད་རྣམ་པས་ཇི་སྲིད་བོད་གཞིས་བྱེས་གཉིས་མཉམ་འཛོམས་མ་བྱུང་བར་དུ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན།
མཐའ་དོན། བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་། གཞིས་བྱེས་བོད་མི་མཉམ་འཛོམས་ཀྱི་སྐལ་བཟང་ཉི་མ་མགྱོགས་ནས་མྱུར་དུ་འཆར་བའི་སྨོན་འདུན་ཤུགས་དྲག་ཞུ་རྒྱུ་བཅས། སྲིད་སྐྱོང་གིས། བོད་རྒྱལ་ལོ་ ༢༡༤༨ ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༠ ལ་སྤེལ།། །།