༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༢ པ་དེ་སྤེལ་ཡོད་པ་དང་།གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་བཅས་ཡིན།
དང་པོ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་བསྟན་འཛིན་ཀུན་བཟང་ལགས་ཀྱིས་གསལ་བསྒྲགས་ཤིག་དང་ལམ་སྟོན་འབོད་སྐུལ་བཞི་ཞུ་རྒྱུའི་དང་པོ་དེ་རྒྱ་གར་དབུས་གཞུང་ནས་རང་ལོ་ ༤༥ ཡན་ནས་ ༥༩ བར་དམིགས་བསལ་ཆ་རྐྱེན་གང་ཡང་མེད་པའི་ཐོག་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་ཡིན་པས་བོད་མི་ལོ་ཚད་དེའི་ནང་ཡོད་པ་རྣམས་ནས་དྲ་ཐོག་ཐོ་འགོད་གནང་རོགས་ཞུ་བ་དང་། གཞན་དྲ་ཐོག་ནས་ཐོ་འགོད་རོགས་པ་དགོས་པ་རྣམས་ལ་རོགས་ཕན་གནང་དགོས་པ་དང་། ཅི་སྟེ་ཐོ་འགོད་རྩ་བ་ནས་བྱེད་མ་ཤེས་ཚེ་ས་གནས་འཕྲོད་བསྟེན་སྨན་ཁང་དང་ས་གནས་འགོ་འཛིན་ལས་ཁུངས་སུ་འབྲེལ་བ་གནང་རོགས་ཞུ། གཉིས་པ་དེ་མང་ཚོགས་ནང་ནད་རྟགས་མ་མངོན་པ་ལས་ནད་པ་མིན་ཞེས་གསུངས་མཁན་འདུག་པས་ད་ལྟའི་གཉན་རིམས་ ༡༩ འདིར་དམིགས་བསལ་ནད་རྟགས་མེད་པ་བརྒྱ་ཆ་མང་བ་ཡོད་དུས་ནད་རྟགས་མེད་པ་རྣམས་ནས་སྣང་མེད་དུ་མ་སོང་བར་གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་གསོ་བཅོས་སྨན་གཞན་བཅས་བསྟེན་ནས་ཛ་དྲག་ཏུ་མ་འགྲོ་བ་གནང་རྒྱུ་ཤིན་ཏུ་གལ་ཆེ། གནད་དོན་གསུམ་པ་དེ་ད་ལྟའི་དུས་ཚོད་ལ་ནད་ཡམས་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་འདུག རྒྱ་གར་དབུས་ས་དང་འདི་ག་སྒྲིག་འཛུགས་དང་ཆེད་ལས་སྨན་པ་རྣམས་ནས་ལམ་སྟོན་གནང་དང་གནང་བཞིན་ཡོད་པར་ཐུགས་སྣང་ལག་བསྟར་ཡོང་བ་ཞུ་བ་དང་ཆབས་ཅིག་ནད་གཞི་ཕོག་པ་མི་རེ་གཉིས་ཀྱིས་ཟུར་བཀག་ཐོག་ནན་པོ་མ་བཞུགས་པར་ཕྱིར་འགྲུལ་བཞུད་གནང་གི་ཡོད་པ་གོ་ཐོས་ཡོང་གི་འདུག་ན། འདི་ནི་རང་ཉིད་ནས་མི་གཞན་ཏེ་ལྷག་པར་མི་རྒས་གཅོང་རིགས་ལ་ནད་འགོས་པ་ཡིན་ན་སྡིག་པའི་བྱ་སྤྱོད་ཅིག་ཡིན་པས་ལས་རྒྱུ་འབྲས་ལའང་རྩི་འཇོག་ཡོང་བ་ཞུ། མཐའ་དོན་ད་ཆ་རྒྱ་གར་ནང་སྔོན་འགོག་སྨན་ཁབ་རྒྱག་བཞིན་ཡོད་པས་སྔོན་འགོག་སྨན་ཁབ་རྒྱག་སར་ཁ་རས་གྱོན་རྒྱུ་དང་། མིའི་དབར་རྒྱང་ཐག་འཇོག་རྒྱུ་སོགས་ནད་ཡམས་སྔོན་འགོག་གི་སྤྱོད་པ་ཚུལ་མཐུན་གནང་རོགས་ཞུ་རྒྱུ་ཡིན། གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་རྒྱ་གར་ནང་བོད་མི་གྲངས་ ༢༩༡ ༼རང་ཁྱིམ། ༢༡༢ ཚོགས་སྡེ་དང་སྒྲིག་འཛུགས་ཀྱིས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༧༩༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། གཉིས་པ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༡ ལ་ཁ་པར་བརྒྱུད་ནས་སེམས་ཁམས་འཕྲོད་བསྟེན་སློབ་གསོ་གནང་བ་བྱུང་ཡོད་པ་དང་ཆབས་ཅིག སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་མདུན་བསྐྱོད་ཞབས་ཞུ་བའི་སེམས་ཁམས་འཕྲོད་བསྟེན་སླད་བློ་སྦྱོང་དང་སྒོམ་ཉམས་ལེན་སྐོར་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད་པ་དང། དེ་ནས་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་བདུན་ཕྲག་འདིའི་ནང་ཁྱོན་རྒྱ་གར་ནང་གི་བོད་མི་གྲངས་ ༡༡༥༥ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་ཐུབ་པ་བྱུང་། རྒྱ་གར་ནང་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་ནས་ད་བར་མདུན་བསྐྱོད་ཞབས་ཞུ་བ་མི་གྲངས་ ༧༤༨ དེ་བཞིན་བོད་མི་ལོ་ན་ ༦༡ ཡན་དང་ ༤༥ ཡན་བླ་གཉན་གྱི་ནད་གཞི་ཡོད་པ་མི་གྲངས་ ༦༩༡༣ བཅས་ཁྱོན་མི་གྲངས་ ༧༦༦༡ ཙམ་ལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་སྔོན་འགོག་སྨན་ཁབ་བརྒྱབ་ཐུབ་པ་བྱུང་ཡོད། གཞན་ཡང་ས་གནས་ཛ་དྲག་ཚོགས་ཆུང་ནས་ས་གནས་སོ་སོར་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་མཚོན་པའི་ལས་དོན་རྣམས་མུ་མཐུད་འགྲོ་བཞིན་ཡོད།
གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནད་གཞི་ཕོག་པ་སྙན་གསང་ཞུ་རྒྱུར། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་དུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༦༦ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༣༣ དང་། བུད་མེད་གྲངས་ ༣༣ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༨༥ དང་ཆུང་ཤོས་དེ་ལོ་ ༦ ཡིན། ནད་གཞི་ཕོག་པ་དང་དེ་བཞིན་ནད་པ་དང་ཐད་ཀར་འབྲེལ་གཏུག་བྱུང་བ་རྣམས་རང་ཁྱིམ་དང་། ཚོགས་སྡེའི་ཟུར་བཀག་ཐོག་དོ་ནན་བཞུགས་བཞིན་གསོ་བཅོས་གནང་བཞིན་པའི་གནས་སྟངས་ཞུ། བློ་ཕམ་པ་གཅིག་ལ་བདུན་ཕྲག་འདིའི་ནང་ནད་གཞི་འདིའི་རྐྱེན་གྱིས་བོད་མི་གཉིས་ཏེ་སྐྱེས་པ་རང་ལོ་ ༨༠ དང་ ༨༡ བཅས་འདས་གྲོངས་སོང་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༡༦༩༡ དྲག་སྐྱེད་བྱུང་བ་མི་གྲངས་ ༡༥༦༥ འདས་གྲོངས་སོང་བ་མི་གྲངས། ༤༧ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༧༩ ཡོད་པ་ཡིན། བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུར། ད་བར་རྒྱལ་སྤྱིའི་ནང་ནད་གཞི་འདི་ཕོག་པའི་མི་གྲངས་ས་ཡ་ ༡༢༣ དང་བྱེ་བྲག་རྒྱ་གར་ནང་ས་ཡ་ ༡༡ ལྷག་བྱུང་ཡོད། རྒྱ་གར་ནང་ད་ལྟ་ནད་མནར་བཞིན་པ་མི་གྲངས་༣༩༥༡༩༢ ཙམ་བྱུང་ཞིང་འདས་པའི་ཆུ་ཚོད་ཉེར་བཞི་ནང་མི་གྲངས་ ༥༣༤༧༦ བྱུང་ཡོད་ཅིང་ད་ལྟའང་རྒྱ་གར་མངའ་སྡེ་དྲུག་ཙམ་ལ་ནད་ཡམས་ཁྱབ་གདལ་ཆེན་པོ་འགྲོ་ཡི་ཡོད། དེའི་རྒྱུ་མཚན་ནི་མང་ཚོགས་ནས་ནད་ཡམས་ཁྱབ་གདལ་བཀག་འགོག་གི་སྤྱོད་པ་ཚུལ་བཞིན་མ་བསྟེན་པ་ལས་བྱུང་གི་ཡོད་པ་གཙོ་བོ་དེ་རེད། ཁ་ཉིན་ཕྱི་ཚེས་ ༢༣ ཉིན་རྒྱ་གར་དབུས་གཞུང་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དོན་དབུས་སའི་གཞུང་ནས་ནད་གཞི་ཡོད་མེད་བརྟག་དཔྱད། དེ་བཞིན་ནད་གཞི་ཕོག་པ་རྣམས་སྨན་བཅོས་དང་ནད་པ་དང་འབྲེལ་གཏུག་རྩད་གཅོད་བྱ་རྒྱུ་སོགས་རྒྱ་ཆེ་དོ་ནན་གཏོང་རྒྱུ་ཡིན་པ་གསུངས་ཡོད། སྔོན་འགོག་སྨན་ཁབ་དང་འབྲེལ་ཟླ་ ༤ ཚེས་ ༡ ནས་མི་ལོ་ན་ ༤༥ ཡན་ལ་རྒྱབ་རྒྱུ་ཡིན་པ་དེ་ནི་ཕྱི་ལོ་ ༡༩༧༧ ཟླ་ ༡ ཚེས་ ༡ སྔོན་ལ་སྐྱེས་ཟིན་པ་དགོས་པ་དང་། སྔོན་འགོག་སྨན་ཁབ་ཐེངས་གཉིས་རྒྱག་དགོས་པས་ཐེངས་དང་པོ་རྒྱག་ཚར་ནས་གཉིས་པ་དེ་བདུན་ཕྲག་ ༤་་་༨ བར་དུས་ཡུན་ནང་ཚུད་རྒྱག་དགོས་གསལ་སྟོན་གནང་ཡོད་པ་གསུངས།
དེ་རྗེས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལམ་སྟོན་གནང་དོན། ད་ཆ་རྒྱ་གར་ནང་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་ཡོད་པ་དང་། ཉེ་དུས་རྒྱ་གར་ནང་ཨིན་ཡུལ་དང་ལྷོ་ཨ་ཕི་རི་ཀ་བཅས་ནས་གཉན་སྲིན་རྣམ་པ་འགྱུར་བ་ལས་བྱུང་བའི་གྲངས་ཁྱོན་ ༧༨༡ ཙམ་ཐོན་ཡོད་པ་དང་། གཞན་ཡང་ (Double mutation) ཞེས་རྒྱ་གར་ནང་གི་གཉན་སྲིན་དང་ཀེ་ལི་ཕོ་ནི་ཡའི་གཉན་སྲིན་རྣམ་པ་འགྱུར་བ་གཉིས་ཀའི་ཁྱད་ཆོས་ཡོད་པ་གསར་པ་ཞིག་ཐོན་ཡོད་ཀྱང་ད་ལྟའི་ཆར་འདིས་ཚེ་སྲོག་ལ་ཉེན་ཁ་ཡོད་པ་དང་། འགོས་སླ་བ་ཡོད་པ་སོགས་ལ་ཉམས་ཞིབ་བྱེད་བཞིན་ཡོད། བོད་མིའི་སྤྱི་ཚོགས་ནང་ད་ཆ་གཏན་སློབ་ཁག་མང་ཆེ་བ་སྒོ་ཕྱེ་ཟིན་པས་ད་བར་གནས་སྟངས་ཡག་པོ་བྱུང་ཡོད་པས་འབྲེལ་ཡོད་འགོ་ལས་ཚང་མར་ཐུགས་རྗེ་ཆེ་ཞུ་བ་དང་མུ་མཐུད་དམ་དོན་ཐུགས་སྣང་ཡོང་བའི་རེ་སྐུལ་ཞུས་གནང་།ད་ཉིན་ནས་འདི་ག་བདེ་ལེགས་སྨན་ཁང་དུ་དགུང་ལོ་ ༦༠ ཡན་གྱི་མི་རྣམས་ལ་སྔོན་ཁབ་རིན་མེད་ཐོག་རྒྱག་སྒོ་ཚུགས་པ་ཡིན། སྔོན་འགོག་ཐོ་འགོད་བྱེད་སྟངས་གཤམ་དུ་བརྙན་ཐུང་བརྒྱུད་གསལ་སྟོན་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་སྦྲགས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༢ པ་དེ་མཇུག་སྒྲིལ་གནང་ཡོད། །