ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༥ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༢ རེས་གཟའ་ཟླ་བ་ཉིན་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་ (Supreme Court) གི་ཁྲིམས་རྩོད་པ་བགྲེས་པ་དང་། རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་ཁྲིམས་ཀྱི་སློབ་སྟོན་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཀྱི་སློབ་སྟོན་པ་སྐུ་ཞབས་ཇེ་ཨེམ་མུ་ཁི་ (J.M. Mukhi) མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དམ་པ་དེ་ཉིད་ཀྱི་གཉེན་ཉེ་དུ་དང་གྲོགས་པོ་གྲོགས་མོ་ཡོངས་ལ་བློ་ཕམ་དང་སྦྲགས་ཐུགས་གསོའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཞུ་མཁན་དང་། མགོན་པོ་གང་ཉིད་མཆོག་གི་ཡུན་རིང་གྲོགས་པོ། དེ་བཞིན་རྒྱལ་སྤྱིའི་ཐོག་སྙན་གྲགས་ཆེ་བའི་ཁྲིམས་རྩོད་པ་སྐུ་ཞབས་ཇེ་ཨེམ་མུ་ཁི་མཆོག་སྐུ་ཚེའི་འཕེན་པ་རྫོགས་པར་ང་ཚོ་ཧ་ཅང་བློ་ཕམ་བྱུང་། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་དམ་པ་དེ་ཉིད་ཀྱི་གཉེན་ཉེ་དུ་དང་གྲོགས་པོ་གྲོགས་མོ་ཡོངས་ལ་སྙིང་ཐག་པ་ནས་ཐུགས་གསོ་ཞུ་རྒྱུ་ཡིན།
ཁྲིམས་ཀྱི་སློབ་སྟོན་པ་ཡིན་པའི་ཆ་ནས་ལོ་ངོ་བཅུ་ཕྲག་མང་པོའི་རིང་སྐུ་ཞབས་ཇེ་ཨེམ་མུ་ཁི་མཆོག་གིས་བོད་མིའི་སྒྲིག་འཛུགས་ལ་ཁྲིམས་ཀྱི་གནད་དོན་ཐོག་གཞོགས་འདེགས་རླབས་ཆེན་ཞུས་ཡོད་པ་མ་ཟད། དམ་པ་དེ་ཉིད་བོད་དོན་སླད་རྒྱབ་སྐྱོར་ཡུན་རིང་ཤོས་ཞུ་མཁན་གྲས་ཤིག་ཀྱང་ཡིན། ཁྲིམས་ཀྱི་སློབ་སྦྱོང་བྱེད་མཁན་བོད་པའི་སློབ་ཕྲུག་མང་པོར་དམ་པ་ཁོང་གིས་རང་གི་བུ་ཕྲུག་བཞིན་ཁྲིམས་དང་འབྲེལ་བའི་སློབ་སྟོན་གནང་ཡོད། དམ་པ་དེ་ཉིད་ཀྱིས་ལྷག་བསམ་རྣམ་དག་གིས་བོད་དོན་དང་བོད་མི་རྣམས་ལ་ཡུན་རིང་རྒྱབ་སྐྱོར་གནང་བ་དེ་བོད་མི་ཚོས་དུས་རྟག་ཏུ་སེམས་ཐག་ཉེ་བའི་སྒོ་ནས་བཀའ་དྲིན་རྗེས་དྲན་ཞུ་ངེས་ཡིན། ཞེས་འཁོད་ཡོད།
སྐུ་ཞབས་ཇེ་ཨེམ་མུ་ཁི་མཆོག་ནི། ཕྱི་ལོ་ ༡༩༢༨ ལོར་འཁྲུངས་ཤིང་། དགུང་ལོ་ ༡༣ ཐོག་སློབ་གྲྭ་མཐར་སོན་རྗེས་ཁོང་གིས་བོམ་བེ་མཐོ་སློབ་དང་། ལོན་ཊོན་དཔལ་འབྱོར་སློབ་གྲྭ ཁམ་བྷི་རི་ཇི་མཐོ་སློབ། ཁིར་སི་ཊི་མཐོ་སློབ་ (Corpus Christi College) བཅས་ནས་ཁྲིམས་དང་། ཆབ་སྲིད་རིག་པ། རྒྱལ་སྤྱིའི་ཁྲིམས། རྒྱལ་སྤྱིའི་འབྲེལ་ལམ་རིག་པ་བཅས་ཀྱི་ཐོག་སློབ་སྦྱོང་གནང་ཡོད། དམ་པ་ཁོང་གིས་ལྡི་ལི་སྐུ་ཚབ་དོན་ཁང་ལ་ཁྲིམས་དང་འབྲེལ་བའི་གནད་དོན་ཁག་མང་པོའི་ཐོག་མཐུན་འགྱུར་རོགས་རམ་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༦ ལོར་དམ་པ་དེ་ཉིད་ཀྱིས་ལྡི་ལི་སྐུ་ཚབ་དོན་གཅོད་བརྒྱུད་བོད་པའི་སློབ་ཕྲུག་ཁག་གཅིག་ལ་ཨིན་ཡུལ་ཨོག་སི་ཕོཌ་ (OXFORD University) ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་དུས་ཐུང་སློབ་སྦྱོང་ཆེད་སློབ་ཡོན་གནང་ཡོད། །