༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་དང་ཨ་རིའི་རྒྱ་གར་ཐེབས་རྩ་ཁང་( American Indian Foundation) ཐུན་མོང་ནས་ལོ་གཉིས་པའི་ཟུང་སྦྲེལ་ལས་གཞི་འགོ་བཙུགས་ཏེ་རྒྱ་གར་ནས་ཡིན་པའི་གཞོན་སྐྱེས་ཏྲིཤ་ལ་བྷཕ་ནཱ་ (Ms. Trishla Bafna) ལགས་དང་། ཤི་ཝན་གྷི་སིངྒ་ (Ms. Shivangi Singh) ལགས་རྣམ་གཉིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་ཕོ་མོའི་ནུས་སྟོབས་དང་ཁེ་ལས་ལས་རིགས་གོང་སྤེལ་དང་འབྲེལ་བའི་ལས་གཞིའི་ཐོག་ཕྱག་ལས་གནང་བར་ཕེབས་ཡོད།
དེ་ཡང་ཏོག་དབྱིབས་གཉན་རིམ་ཀྱི་ཛ་དྲག་གནས་སྟངས་འོག་ལོ་གཉིས་པའི་ཟུང་སྦྲེལ་ལས་གཞི་དེ་ཕྱི་ལོ་ ༢༠༢༠ ཟླ་ ༡༡ ནས་བཟུང་ལས་དོན་འགོ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༢༡ ཟླ་ ༣ པའི་ཟླ་འགོར་ཨ་རི་རྒྱ་གར་ཐེབས་རྩ་ཁང་གི་བུད་མེད་ཞིབ་འཇུག་པ་ཁོང་གཉིས་དངོས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ནང་མཉམ་ཞུགས་ཐུབ་པ་བྱུང་ཡོད། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་ཁོང་གཉིས་སྤྱི་ཚོགས་ཞབས་ཞུར་ཕེབས་པར་དགའ་བསུ་དང་། ཁོང་གཉིས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་མཇལ་འཕྲད་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་གཉིས་ལ་སྤྱི་ཚོགས་ནང་ཕོ་མོའི་ནུས་སྟོབས་གོང་འཕེལ་གྱི་གོ་རྟོགས་སྤེལ་རྒྱུའི་གལ་ཆེའི་རང་བཞིན་དང་། ཁེ་ལས་ལས་རིགས་གོང་འཕེལ་ཡོང་ཆེད་བོད་མིའི་སྒྲིག་འཛུགས་ནས་མུ་མཐུད་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་ཡོད།
ཤི་ཝན་གྷི་སིངྒ་ལགས་ལ་ཕོ་མོའི་ནུས་སྟོབས་དང་ལས་རིགས་གོང་འཕེལ་ལས་གཞིའི་ཐོག་ལོ་ ༧ ལྷག་གི་ཉམས་མྱོང་ཡོད་པ་དང་། ཁོ་མོས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནང་ད་ཡོད་ཁེ་ལས་དང་ལས་རིགས་གོང་འཕེལ་གྱི་ལས་གཞིའི་ཐོག་ཕྱག་ལས་གནང་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༠ ལོའི་རྒྱ་གར་རྒྱལ་ཡོངས་ཤེས་ཡོན་སྲིད་བྱུས་དང་བཙན་བྱོལ་བོད་མིའིི་གཞི་རིམ་ཤེས་ཡོན་སྲིད་བྱུས་དབར་ཞིབ་བསྡུར་དང་ཞིབ་འཇུག་གནང་རྒྱུ་ཡིན་འདུག
ཏྲིཤ་ལ་བྷཕ་ནཱ་ལགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་ཕོ་མོའི་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་སློབ་སྦྱོང་གནང་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཞི་ལས་ཁུངས་ (United Nations Office for Project Services (UNOPS) ནང་ཡར་རྒྱས་གོང་འཕེལ་གྱི་ཟུང་སྦྲེལ་ལས་གཞིའི་ཐོག་ཕྱག་ལས་གནང་མྱོང་ཡོད་པ་དང་། ཁོང་ལ་འགྲོ་བ་མིའི་ཐོབ་ཐང་གི་སློབ་ཚན་ཐོག་གཙུག་ལག་རབ་འབྱམས་པའི་ཤེས་ཚད་ལག་འཁྱེར་ཡོད། ཁོ་མོས་བོད་མིའི་སྒྲིག་འཛུགས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པ་དང་ལྷན་སློབ་གྲྭའི་བསླབ་གཞིའི་སློབ་ཚན་ཁོངས་ཕོ་མོའི་སློབ་ཚན་འཇུག་རྒྱུའི་ཐད་ཕྱག་ལས་གནང་རྒྱུ་ཡིན་པ་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕོ་མོའི་རྩུབ་སྤྱོད་རིགས་ཀྱི་གནད་དོན་ཐོག་དཔྱད་ཞིབ་གནང་སྟེ་ཉེ་ཆར་གསར་འཛུགས་གནང་བའི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པར་རོགས་རམ་གནང་རྒྱུ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ལག་བསྟར་གནང་བཞིན་པའི་ཕོ་མོ་ལྟ་ཚུལ་ཁྱུ་སྒྲིལ་གྱི་སྒྲོམ་གཞི་ཐོག་མ་འོངས་ལས་གཞི་ལག་བསྟར་བྱེད་ཆོག་ཐད་རོགས་རམ་གནང་རྒྱུ་ཡིན།
དེ་ཡང་ལས་གཞི་འདི་ནི་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩས་ཨ་རིའི་རྒྱ་གར་ཐེབས་རྩ་ཁང་དང་ལྷན་ལོ་གསུམ་རིང་ཟུང་སྦྲེལ་ཐོག་འགོ་བཙུགས་ཡོད་པ་དང་། ཨ་རིའི་རྒྱ་གར་ཐེབས་རྩ་ཁང་བརྒྱུད་ཐེབས་རྩ་ཁང་དེའི་ཝི་ལིམ་ཇེ་ཁི་ལིན་ཊོན་ (William J. Clinton Fellows) རོགས་དངུལ་ཐོབ་མཁན་གཞོན་སྐྱེས་གཉིས་ཕྱི་ཟླ་ ༩ ནས་ཟླ་གྲངས་ ༡༠ རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་གི་ནང་སྤྱི་ཚོགས་ཞབས་འདེགས་ཞུ་སླད་ཡོང་གི་ཡོད་པ་བཅས། །