ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༡ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༡ རེས་གཟའ་ཉི་མ་ཉིན་གྱི་སྔ་དྲོ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་དངོས་གཞིའི་འོས་བསྡུ་ཆེན་མོ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་སྤེལ་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཙམ་ལ་བོད་མིིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་དབུ་བཞུགས་ཐོག་འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསུང་དོན།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གངས་ཅན་པ་རྣམས་ལ་ཡང་དག་པའི་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་ཆེ་བ་བཞིན། འདི་ལོ་འཛམ་གླིང་རྒྱལ་ཁབ་གྲངས་ ༢༦ ནང་ཕྱི་ལོ་ ༢༠༢༡ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་ལེགས་གྲུབ་བྱུང་བར་འབྲེལ་ཡོད་ས་གནས་འོས་བསྡུ་ཚོགས་ཆུང་དང་། རྒྱ་ཆེ་མང་ཚོགས་བཅས་ལ་ལེགས་གསོལ་ཞུ་རྒྱུ་ཡིན། ད་ཆ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ ནང་གསེས་ ༤ དང་། དོན་ཚན་ ༤༩ ནང་གསེས་ ༣ པའི་ ཀ༽ པའི་དགོངས་དོན་བཞིན་དངོས་གཞིའི་འོས་བསྡུ་ཆེན་མོའི་ལས་རིམ་དེ་རིང་ནས་དངོས་སུ་འགོ་འཛུགས་ཞུས་པ་ཡིན།
༡། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ ནང་གསེས་ ༤ པའི་དགོངས་དོན་དང་། དབུས་འོས་བསྡུ་ལས་ཁང་ནས་ ༢༠༢༠ ཟླ་ ༨ ཚེས་ ༥ ཉིན་ཡོངས་ཁྱབ་གསལ་བསྒྲགས་ཟིན་པ་བཞིན། སྲིད་སྐྱོང་གི་འོས་གཞི་རྩེ་གཏོགས་གཉིས་འདོན་རྒྱུ་ཡིན།༢། འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༩ ནང་གསེས་ ༣ པའི་ ཀ༽ པ་བཞིན། དབུས་གཙང་ཆོལ་ཁའི་ཁོངས་འོས་ཐོབ་གཉིས་ལྡབ་གྲངས་ ༢༠ ཐོག་དང་བླངས་གྲངས་ ༣ དང་། མདོ་སྟོད་ཆོལ་ཁའི་ཁོངས་འོས་ཐོབ་གྲངས་ ༢༠ ཐོག་དང་བླངས་ ༡། མདོ་སྨད་ཆོལ་ཁའི་འོས་ཐོབ་གྲངས་ ༢༠། ཆོས་བརྒྱུད་ལྔ་དང་། ཡུ་རོབ་དང་ཨ་ཕི་རི་ཀ་བཅས་ནས་འོས་གཞིའི་གྲངས་ ༤ རེ་དང་། ལྷོ་བྱང་ཨ་རི་ནས་འོས་ཐོབ་གྲངས་ ༤ སྟེང་དང་བླངས་ ༡ རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་། ཨོ་སི་ཀྲི་ལི་ཡའི་ཐོབ་ཁུངས་ནས་འོས་གཞི་ ༣ བཅས་ལ་གཏན་འབེབས་ཞུས་ཡོད།
༣། དངོས་གཞིའི་འོས་གཞིའི་ནང་དུ་འོས་ཐོབ་བྱུང་བ་རྣམས་ནས་འོས་བསྡུའི་སྒྲིག་གཞི་དང་། འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༥ འཁོད་དོན་ཚན་ ༡༢ ཅན་གྱི་བཀོད་འདོམས་ཞུས་པ་ཁག་ལ་ཐུགས་སྣང་དང་ཕྱག་ལེན་དོན་འཁྱོལ་ངེས་པར་གནང་དགོས།
༤། ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༡ ནས་དངོས་གཞིའི་འོས་བསྡུ་དང་འབྲེལ་བའི་ལུགས་མཐུན་དྲིལ་བསྒྲགས་ཆོག་པ་ཡིན་ཡང་། བོད་མིའི་ཐུན་མོང་མ་ཡིན་པའི་རང་ཆས་སུ་མངའ་བའི་བཟང་སྤྱོད་ཁག་དང་མ་བརྒལ་བའི་ཐོག་ནས་འོས་གཞིར་བཞེངས་མཁན་དང་། རྒྱབ་སྐྱོར་བ། འོས་འཕེན་པ་རྒྱ་ཆེ་མང་ཚོགས་བཅས་ནས་ཐུགས་གཟབ་ངེས་པར་གནང་དགོས།
༥། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༨ ཕྱི་དྲོ་ཕྱག་ཚོད་ ༥།༠༠ ནས་དྲིལ་བསྒྲགས་ལས་དོན་ཡོངས་རྫོགས་མཚམས་འཇོག་ཐོག་དེ་སྔོན་སྦྱར་ཡིག་སོགས་སྦྱར་པ་རྣམས་ས་གནས་འོས་བསྡུ་ལས་ཁང་སོ་སོས་གཙང་བཟོ་དགོས་རྒྱུ།༦། ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༡ ཞོགས་པ་ཕྱག་ཚོད་ ༨ ནས་ཕྱི་དྲོ་ཕྱག་ཚོད་ ༥ བར་དངོས་གཞིའི་འོས་འཕེན་གྱི་དུས་ཚོད་གཏན་འབེབས་ཞུས་པ་ཡིན།
༧། འོས་བསྡུའི་སྒྲིག་གཞིའི་དགོངས་དོན། དབུས་འོས་བསྡུ་ལས་ཁང་ནས་སྤེལ་བའི་འོས་ཤོག་ཁོ་ནའི་ནང་གསལ་འོས་གཞིའི་མཚན་གྱི་སྟེང་ཐོབ་ཁུངས་སོ་སོའི་གྲངས་ཚད་ལས་མ་བརྒལ་བར་འོས་ཐམ་རྒྱག་དགོས།
༨། དངོས་གཞིའི་འོས་བསྡུའི་སྐབས་ལོང་བ་དང་། ལག་པ་གཉིས་ཀ་མེད་པའམ་སྐྱོན་ཅན་ཁོ་ནར་འོས་བསྡུའི་སྤྱིལ་བུའི་ནང་རོགས་པ་མཉམ་ཁྲིད་ཆོག་པ་ཡིན།
༩། དངོས་གཞིའི་འོས་འཕེན་སྐབས་འོས་འདེམས་སུར་བྱས་ཀྱི་པར་བཤུས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ཁྱབ་སྤེལ་བྱས་པ། འོས་ཐམ་གང་ཡང་མི་གསལ་བ། གྲངས་ཚད་ལས་བརྒལ་བའི་འོས་ཐམ་རྒྱབ་པ། འོས་འདེམས་སུར་བྱས་ངོས་འཛིན་མི་བདེ་བའི་འོས་ཐམ་རྒྱབ་པ།
འོས་ཤོག་ནང་མི་གསལ་བའི་རང་མོས་འོས་གཞིའི་མིང་བཀོད་པ། འོས་ཤོག་ངོ་མ་མིན་པའི་དོགས་གནས་ཅན་བཅས་འཐོན་ཚེ་འོས་ཤོག་རྩིས་མེད་གཏོང་རྒྱུ།༡༠། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞི་ཁག་བོད་མིའི་གནས་སྡོད་སོ་སོར་པར་འགྲེམས་ཞུས་ཡོད་པ་དང་། དེ་བཞིན་དབུས་འོས་བསྡུ་ལས་ཁང་གི་གཞུང་འབྲེལ་དྲྭ་རྒྱ་ནས་ཕབ་ལེན་གནང་རྒྱུའི་མཐུན་རྐྱེན་བསྐྲུན་ཡོད་ན། འོས་འཕེན་པ་རྒྱ་ཆེ་མང་ཚོགས་ནས་ཐུགས་སྣང་ངེས་པར་གནང་དགོས་རྒྱུ།
༡༡། དེང་སྐབས་རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་རིམས་ནད་རྐྱེན་པས་ཧ་ཅང་དཀའ་ངལ་ཅན་གྱི་དུས་ཚོད་འདིར་འོས་འཕེན་པ་རྒྱ་ཆེ་མང་ཚོགས་ནས་འཕྲོད་བསྟེན་དང་འབྲེལ་བའི་ཞུ་སྒོ་ཁག་ལ་ཕྱུག་མེད་ཕྱག་བསྟར་ཐོག རང་གི་རྩ་ཆེའི་འོས་ཤོག་འཕེན་དུ་ངེས་པར་ཕེབས་གནང་ཡོང་བ་བཅས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་བ་དང་འབྲེལ་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་བཅས། །