ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༩ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༡ པ་དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཉི་མ་རྒྱལ་མཚན་ལགས་དང་། སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན།
དང་པོ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ཉི་མ་རྒྱལ་མཚན་ལགས་ནས་གནད་དོན་གསུམ་གྱི་ཐོག་གསུངས་དོན། དང་པོ་སྔོན་འགོག་སྨན་ཁབ་དང་འབྲེལ་ལོ་ན་༦༡ ཡན་དང་ལོ་ན་༤༥ ཡན་བླ་གཉན་གྱི་ནད་ཡོད་པ་རྣམས་ལ་རྒྱ་གར་གཞུང་ནས་སྔོན་ཁབ་རྒྱག་སྒོ་ཚུགས་པས་ད་ཆ་ས་གནས་ཁ་ཤས་སར་གོང་གི་ལོ་ཚད་མ་ཡིན་པའི་མི་ཁག་ཅིག་གིས་ཚང་ག་རྒྱབ་ཀྱི་ཡོད་པའི་གནས་ཚུལ་འདུག་ན་དེ་ལྟར་ན་དགུང་ལོ་བགྲེས་པ་རྣམས་ལ་དུས་ཐོག་སྔོན་འགོག་སྨན་ཁབ་མ་ཐོབ་པའི་དཀའ་ངལ་འཕྲད་ངེས་ཡིན་ན་རྒྱ་གར་གཞུང་གི་ལམ་སྟོན་ལ་ཚང་མས་ཐུགས་སྣང་དང་ལམ་སྟོན་ནང་མ་ཚུད་པའི་མི་རྣམས་ནས་ཚང་ག་མ་རྒྱག་རོགས་ཅེས་རེ་སྐུལ་ཞུ། སྔོན་འགོག་སྨན་ཁབ་དྲ་ཐོག་ནས་ཐོ་འགོད་བྱེད་སྟངས་ཐོག་འཕྲོད་བསྟེན་ལས་ཁུངས་ནས་བརྙན་ཐུང་བཟོས་སྒྲིག་གིས་མང་ཚོགས་ལ་འགྲེལ་བཤད་ཞུས་པ་བཞིན་ལོ་ན་ ༤༥ ཡན་བླ་གཉན་གྱི་ནད་གཞི་ཡོད་པ་རྣམས་ནས་ཚད་ལྡན་དེབ་སྐྱེལ་ཡོད་པའི་སྨན་པ་བསྟེན་ནས་དེའི་རྒྱབ་གཉེར་ཡེ་གེ་དེ་དང་རང་ཉིད་ངོ་སྤྲོད་ཕྱག་འཁྱེར་བསྣམ་པའི་ཐོག་སྔོན་འགོག་རྒྱག་དགོས་པ་དེ་དོན་ལམ་སྟོན་ཞུ་བ་དང་། དོན་གནད་གཉིས་པ་དེ་ད་ཆ་རྒྱ་གར་ནང་སྔོན་འགོག་སྨན་ཁབ་དེ་གཞུང་གི་སྨན་ཁང་དང་། སྒེར་གཉེར་སྨན་ཁང་ནང་རྒྱག་བཞིན་ཡོད་པས་གཞུང་གི་སྨན་ཁང་ནང་སྨན་ཁབ་རིན་མེད་ཐོག་རྒྱག་གི་ཡོད་པ་དང་། སྒེར་གྱི་སྨན་ཁང་ནང་ཧིན་སྒོར་ ༢༥༠ སྤྲོད་པའི་ཐོག་རྒྱག་བཞིན་ཡོད་པ་དེའང་ཧིན་སྒོར་ ༡༥༠ དེ་སྔོན་ཁབ་ཀྱི་དོད་ཡིན་པ་དེ་མངའ་སྡེ་གཞུང་ལ་རྩིས་རྒྱག་ཞུ་དགོས་པ་དང་ཧིན་སྒོར་ ༡༠༠ དེ་སྒེར་གཉེར་སྨན་ཁང་གི་སྨན་ཞབས་པའི་རྒྱག་གླ་གཙོས་ཙག་ཙིག་གི་འགྲོ་གྲོན་ཆེད་ཡིན་འདུག་པས་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁ་ཤས་ཀྱང་དེའི་ཁོངས་ཚུད་ཀྱི་ཡོད་ན་མང་ཚོགས་ནང་འཕྲོད་བསྟེན་ལས་ཁུངས་ཀྱི་སྨན་ཁང་ནང་སྔོན་ཁབ་རྒྱག་རྒྱུར་དངུལ་སྤྲོད་དགོས་འདུག་ཅེས་གསུངས་མཁན་འདུག་པས་དེ་ནི་གོ་ནོར་ཐེབས་པའམ་མ་མཁྱེན་པ་ཡིན་སྲིད་ན་འཕྲོད་བསྟེན་ལས་ཁུངས་ནས་སྔོན་ཁབ་རྒྱག་ཆེད་དངུལ་བསྡུས་བཞེས་གནང་བ་གང་ཡང་མིན་ཞེས་གསལ་བཤད་ཞུ་རྒྱུ་ཡིན། དོན་ཚན་གསུམ་པ་དེ་ད་ཆ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཕོག་པའི་ནད་གཞི་ཕོག་པའི་གྲངས་འབོར་འཕར་བཞིན་པའི་གནས་སྟངས་ལ་འདི་ནས་ལམ་སྟོན་ཞུས་པ་བཞིན་ཁ་རས་གྱོན་ཡས་གཙོས་ཐབས་ལམ་རྣམས་བསྟེན་དགོས་པའི་དྲན་སྐུལ་ཞུ། དམིགས་བསལ་ཁ་རས་གྱོན་པ་ཡིན་ན་ད་ལན་ཏོག་དབྱིབས་གཉན་རིམས་ ༡༩ གཅིག་པུ་མིན་པ་འགོས་ནད་རིགས་མང་པོ་སྔོན་འགོག་བྱེད་ཐུབ་པའི་དགེ་ཚན་ལས་སྐྱོན་གང་ཡང་མེད་ན་ཚང་མས་ཁ་རས་ངེས་པར་དུ་གྱོན་དགོས་པའི་སྐུལ་མ་གནང་།
གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་ཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་རྒྱ་གར་ནང་བོད་མི་གྲངས་ ༢༦༢ ༼རང་ཁྱིམ། ༡༤༦ ཚོགས་སྡེ་དང་སྒྲིག་འཛུགས་ཀྱིས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༡༡༦༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། གཉིས་པ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༢ ལ་ཁ་པར་བརྒྱུད་ནས་སེམས་ཁམས་འཕྲོད་བསྟེན་སློབ་གསོ་གནང་བ་བྱུང་ཡོད་པ་དང་ཆབས་ཅིག སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་མདུན་བསྐྱོད་ཞབས་ཞུ་བའི་སེམས་ཁམས་འཕྲོད་བསྟེན་སླད་བོད་ཀྱི་རྩིས་རིག་པའི་ཐོག་ནས་སེམས་ཁམས་འཕྲོད་བསྟེན་སྐོར་ཟབ་སྦྱོང་གཅིག་གོ་སྒྲིག་ཞུས་ཡོད་པ་དང། དེ་ནས་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་བདུན་ཕྲག་འདིའི་ནང་ཁྱོན་རྒྱ་གར་ནང་གི་བོད་མི་གྲངས་ ༧༡༩ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་ཐུབ་པ་བྱུང་། རྒྱ་གར་ནང་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་ནས་ད་བར་མདུན་བསྐྱོད་ཞབས་ཞུ་བ་མི་གྲངས་༦༨༡ དེ་བཞིན་བོད་མི་ལོ་ན་ ༦༡ ཡན་དང་ ༤༥ ཡན་བླ་གཉན་གྱི་ནད་གཞི་ཡོད་པ་མི་གྲངས་ ༦༦༠༧ བཅས་ཁྱོན་མི་གྲངས་ ༧༢༨༨ ཙམ་ལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་སྔོན་འགོག་སྨན་ཁབ་རྒྱབ་ཐུབ་པ་བྱུང་ཡོད། གཞན་ཡང་ས་གནས་ཛ་དྲག་ཚོགས་ཆུང་ནས་ས་གནས་གཞུང་གི་སྨན་ཁང་དང་དེ་བཞིན་རྫོང་གི་སྤྱི་ཁྱབ་སྨན་པ་འགན་འཛིན་བཅས་ངོ་བཅར་ཐུགས་ཕྲད་དང་བདུན་རེའི་ཚོགས་འདུ། དེ་བཞིན་མང་ཚོགས་ལ་ལམ་སྟོན་གནང་ཡས་གཙོས་ལས་དོན་རྣམས་མུ་མཐུད་ནས་འགྲོ་བཞིན་པའི་གནས་ཚུལ་ཞུ།
གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནད་གཞི་ཕོག་པ་སྙན་གསང་ཞུ་རྒྱུར། འདས་པའི་བདུན་ཕྲག་ཅིག་གི་ནང་རྒྱ་གར་ནང་དུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༡༣ བྱུང་། ཞིབ་ཕྲ་ནི། སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས་ ༣ ཀེལ་མོན་ཊོན་ནས་མི་གྲངས། ༥ ལ་དྭགས་ཁུལ་ནས་མི་གྲངས། ༡ མེའོ་གཞིས་ཆགས་ནས་མི་གྲངས། ༡ མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་མི་གྲངས། ༢ སིམ་ལ་ཁུལ་ནས་མི་གྲངས། ༡ བཅས་ཁྱོན་མི་གྲངས་ ༡༣ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༡༠ དང་བུད་མེད་གྲངས་༣ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༨༡ དང་ཆུང་ཤོས་དེ་ལོ་ ༢༤ བྱུང་ཡོད། ནད་གཞི་ཕོག་པ་དང་དེ་བཞིན་ནད་པ་དང་ཐད་ཀར་འབྲེལ་གཏུག་བྱུང་བ་རྣམས་རང་ཁྱིམ་དང་། ཚོགས་སྡེའི་ཟུར་བཀག་ཐོག་ དོ་ནན་བཞུགས་བཞིན་གསོ་བཅོས་གནང་བཞིན་པའི་གནས་སྟངས་ཞུ། སྟབས་མ་ལེགས་པ་ཅིག་ལ་བདུན་ཕྲག་འདིའི་ནང་ནད་གཞི་འདིའི་རྐྱེན་གྱིས་བོད་མི་གཉིས་ཏེ་སྦེལ་ཀོབ་གཞིས་ཆགས་ནས་སྐྱེས་པ་རང་ལོ་ ༨༣ དང་༨༡ བཅས་འདས་གྲོངས་སོང་ཡོད། ད་བར་རྒྱ་གར་དང་བལ་ཡུལ་ནང་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༡༦༢༥ དྲག་སྐྱེད་བྱུང་བ་མི་གྲངས་ ༡༥༤༩ འདས་གྲོངས་སོང་བ་མི་གྲངས། ༤༥ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༣༡ ཡོད་པ་ཡིན།
བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུར། ད་བར་རྒྱལ་སྤྱིའི་ནང་ནད་གཞི་འདི་ཕོག་པའི་མི་གྲངས་ས་ཡ་ ༡༢༠ དང་བྱེ་བྲག་རྒྱ་གར་ནང་ས་ཡ་ ༡༡ ལྷག་བྱུང་ཡོད། རྒྱ་གར་ནང་ད་ལྟ་ནད་མནར་བཞིན་པ་མི་གྲངས་ ༢༥༢༣༦༤ ཙམ་བྱུང་ཞིང་འདས་པའི་ཆུ་ཚོད་ཉེར་བཞི་ནང་མི་གྲངས་ ༣༥༨༧༡ ཏེ་འདས་པའི་ཟླ་བ་གཉིས་ཙམ་ནས་ནད་པའི་གྲངས་ཧ་ཅང་འཕར་ཡོད་ན་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ནས་ཀྱང་ད་ལྟའི་གནས་སྟངས་འདིར་ནད་ཡམས་བཀག་སྡོམ་བྱེད་མ་ཐུབ་ཚེ་སླར་ཡང་རྒྱལ་ཡོངས་རྒྱལ་སྒོ་བསྡམ་དགོས་པ་ཆགས་མི་སྲིད་པ་མིན་པས་མངའ་སྡེ་སྤྱི་ཁྱབ་བློན་ཆེན་གཙོས་ས་གནས་གཞུང་དང་མི་མང་ཚང་མས་ནད་ཡམས་སྔོན་འགོག་ཐབས་ལམ་རྣམས་མུ་མཐུད་བསྟེན་དགོས་པའི་ལམ་སྟོན་ཡོད་ན་ད་ཆ་རྒྱ་གར་མཱ་ཧཱ་རས་ཏྲ་དང་ཀེ་ར་ལ། པན་ཇཱབ། ཀར་ཎ་ཊ་ཀ་དང་ཆ་ཏིས་གཱར་བཅས་ནང་ནད་ཡམས་ཁྱབ་གདལ་ཆེ་རུ་འགྲོ་བཞིན་པས་རང་རིགས་བོད་མི་རྣམ་པས་རྒྱ་གར་རྒྱལ་ས་ཆེ་ཁག་ནང་འགྲོ་བསྐྱོད་སྐབས་དམིགས་བསལ་གཟབ་གཟབ་དང་སྔོན་འགོག་ཐབས་ལམ་རྣམས་བསྟེན་དགོས་པའི་རེ་སྐུལ་ཞུ་རྒྱུ་དང་། ད་ཆ་ང་ཚོར་སེམས་ཚབ་ཆེ་ཤོས་དེ་བོད་པའི་སློབ་གྲྭ་རྣམས་སྒོ་ཕྱེ་ཞིང་རིམ་པས་འབྲིང་རིམ་དང་དམའ་རིམ་སློབ་མ་རྣམས་བསྡུ་བསྐོང་གནང་བཞིན་པས་སློབ་གྲྭའི་འགན་འཛིན་སློབ་སྤྱི་དང་དགེ་ལས་སློབ་མ་ཚང་མས་མཉམ་རུབ་ཀྱིས་དགེ་སློབ་ཀྱི་འཕྲོད་བསྟེན་གཙོས་ནད་ཡམས་སྔོན་འགོག་ཐོག་ཐུགས་སྣང་གཟབ་གཟབ་གནང་དགོས་པ་སླར་དྲན་སྐུལ་ཞུ་རྒྱུ་ཡིན། གཞན་ཡང་ཕྱི་རྒྱལ་གནས་བཞུགས་བོད་མི་རྣམས་ནས་ཀྱང་སོ་སོའི་གནས་ཡུལ་རྒྱལ་ཁབ་དང་ས་གནས་གཞུང་གི་ལམ་སྟོན་ལྟར་ནད་ཡམས་སྔོན་འགོག་ཐོག་ཐུགས་སྣང་གཟབ་གཟབ་གནང་དགོས་པ་སླར་དྲན་སྐུལ་ཞུ། མཐའ་དོན་སྔོན་འགོག་སྨན་ཁབ་རྒྱག་ཟིན་མ་ཟིན་ལ་མ་ལྟོས་པར་ཚང་མས་ནད་ཡམས་སྔོན་འགོག་གི་ཐབས་སྤྱོད་དེ་ཁ་རས་གྱོན་ཡས། མིའི་དབར་རྒྱང་ཐག་འཇོག་ཡས། ལག་པ་གཙང་མ་འཁྲུ་ཡས་དང་། ཁུངས་ལྡན་གྱི་གནས་ཚུལ་མ་གཏོགས་དཀྲོག་གཏམ་རིགས་གསན་འཇོག་མ་གནང་བའི་རེ་སྐུལ་ཞུས་པ་དང་སྦྲགས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་༥༡ པ་དེ་མཇུག་སྒྲིལ་གནང་ཡོད། །