ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ རེས་གཟའ་ཟླ་བ།༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༡ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༥༠ དེ་སྤེལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ལགས་དང་། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན།
དང་པོ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་འཕར་བྱམས་པ་ཕུན་ཚོགས་ནས་གསུངས་དོན། ད་ཆ་ཏོག་དབྱིབས་སྔོན་ཁབ་རྒྱ་གར་རྒྱལ་ཡོངས་ནང་རྒྱབ་སྒོ་ཚུགས་ཅིང་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གཙོས་ས་ཕྱོགས་གང་སར་ཡོད་པའི་བོད་མི་སྐུ་ན་བགྲེས་པ་མང་པོར་རྒྱ་གར་གཞུང་གི་མཐུན་འགྱུར་འོག་སྔོན་ཁབ་རྒྱབ་ཐུབ་པ་བྱུང་བར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཐུགས་རྗེ་ཆེ་དང་ཡི་རངས་བསྔགས་བརྗོད་ཞུ། དོན་ཚན་གཉིས་པ་དེ་འདས་པའི་ལོ་གཅིག་རིང་ཏོག་དབྱིབས་སྔོན་འགོག་ཆེད་གཞུང་དང་ཆེད་ལས་པས་ལམ་སྟོན་གནང་བ་བཞིན་ད་དུང་མུ་མཐུད་ནས་སྔོན་འགོག་ཐབས་ལམ་རྣམས་བསྟེན་དགོས་པ་དང་། ད་ཆ་རྒྱ་གར་ནང་བོད་མིའི་གཞིས་ཆགས་ཁོངས་སྦེལ་ཀོབ་འཚོ་བྱེད་སྨན་ཁང་། ཧོན་སུར་ཕན་བདེ་སྨན་ཁང་དང་། ལ་དྭགས་དང་བདེ་སྐྱིད་གཞིས་ཆགས་ཁག་གི་སྨན་ཁང་རྣམས་ཏོག་དབྱིབས་སྔོན་འགོག་སྨན་ཁབ་རྒྱག་སའི་བསྟི་གནས་ལ་ངོས་འཛིན་གྱིས་མཐུན་འགྱུར་གནང་བཞིན་ཡོད་པ་དང་། རིང་མིན་རྡ་ས་བདེ་ལེགས་སྨན་ཁང་འདིར་ཡང་སྔོན་ཁབ་རྒྱག་སའི་བསྟི་གནས་ཆགས་རྒྱུར་རེ་བ་ཆེན་པོ་བྱེད་བཞིན་ཡོད།སྔོན་འགོག་སྨན་ཁབ་དང་འབྲེལ་ས་གནས་འགོ་འཛིན་རྣམ་པ་གཙོས་འབྲེལ་ཡོད་ཚང་མས་འགན་འཁུར་ཧུར་བཞེས་ཀྱིས་ས་གནས་སུ་སྔོན་འགོག་སྨན་ཁབ་གི་ལས་དོན་གང་ལེགས་འགྲོ་བཞིན་པར་འབྲེལ་ཡོད་ཚང་མར་སྙིང་ཐག་པ་ནས་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞེས་ཞུ། ད་ལྟའི་ཆར་སྔོན་ཁབ་བཞེས་རྒྱུ་འདི་སྔོན་འགོག་ཐབས་ལམ་ཡག་ཤོས་དེ་ཡིན་པས་མི་མང་གང་མང་ནས་དེ་བཞེས་ན་དགེ་ཚན་ཡོད་པ་གསུངས་པ་དང་། མང་ཚོགས་ནས་སྔོན་འགོག་སྨན་ཁབ་བཞེས་དང་བཞེས་མིན་ལ་མ་ལྟོས་པར་ཁ་རས་གྱོན་ཡས་དང་མིའི་དབར་རྒྱང་ཐག་འཇོག་ཡས་དང་ལག་པ་ཡང་སེ་འཁྲུ་རྒྱུ་དེ་ཚོ་མུ་མཐུད་ནས་གནང་དགོས། རྒྱ་གར་ནང་ཆ་བཞག་ན་ས་གནས་ཁ་ཤས་སར་ཛ་དྲག་ཏུ་འགྲོ་ཡི་ཡོད་པ་དང་ཁ་ཤས་སར་གནས་སྟངས་ཡག་ཏུ་འགྲོ་བཞིན་ཡོད་ན་རང་རིགས་བོད་མིའི་འདུ་སྡོད་དང་ཚོགས་སྡེ་ཁག་དང་མི་སྒེར་སོ་སོའི་ངོས་ནས་རྣམ་གཡེང་དང་ལྷོད་གཡེང་དུ་མ་ཤོར་བར་སྔོན་འགོག་ཐབས་ལམ་རྣམས་མུ་མཐུད་ནས་བསྟེན་དགོས་པའི་ལམ་སྟོན་གནང་། ནད་ཡམས་འདིའི་གནས་སྟངས་ཡག་ཏུ་མ་འགྲོ་བར་ཚང་མས་གཟབ་གཟབ་གནང་དགོས་པའི་ལམ་སྟོན་གནང་།
གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་ཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་རྒྱ་གར་ནང་བོད་མི་གྲངས་༤༧༨ ༼རང་ཁྱིམ།༢༧༣ ཚོགས་སྡེ་དང་སྒྲིག་འཛུགས་ཀྱིས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༢༠༥༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། གཉིས་པ་སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་༩ ལ་ཁ་པར་བརྒྱུད་ནས་སེམས་ཁམས་འཕྲོད་བསྟེན་སློབ་གསོ་གནང་བ་བྱུང་ཡོད་པ་དང་ཆབས་ཅིག སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་མདུན་བསྐྱོད་ཞབས་ཞུ་བའི་སེམས་ཁམས་འཕྲོད་བསྟེན་སླད་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་སེམས་ཁམས་འཕྲོད་བསྟེན་སྐོར་ཟབ་སྦྱོང་གཅིག་གོ་སྒྲིག་ཞུས་ཡོད་པ་དང། དེ་ནས་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་བདུན་ཕྲག་འདིའི་ནང་ཁྱོན་རྒྱ་གར་ནང་གི་བོད་མི་གྲངས་༡༥༦༢ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་ཐུབ་པ་བྱུང་། རྒྱ་གར་ནང་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་ནས་ད་བར་མདུན་བསྐྱོད་ཞབས་ཞུ་བ་མི་གྲངས་༤༥༩ དེ་བཞིན་བོད་མི་ལོ་ན་བགྲེས་པ་གྲངས་༣༣༢༠ ཙམ་ལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་སྔོན་འགོག་སྨན་ཁབ་རྒྱབ་ཐུབ་པ་བྱུང་ཡོད། གཞན་ཡང་ས་གནས་ཛ་དྲག་ཚོགས་ཆུང་ནས་ས་གནས་གཞུང་གི་སྨན་ཁང་དང་དེ་བཞིན་རྫོང་གི་སྤྱི་ཁྱབ་སྨན་པ་འགན་འཛིན་བཅས་ངོ་བཅར་ཐུགས་ཕྲད་དང་བདུན་རེའི་ཚོགས་འདུ། དེ་བཞིན་མང་ཚོགས་ལ་ལམ་སྟོན་གནང་ཡས་གཙོས་ལས་དོན་རྣམས་མུ་མཐུད་ནས་འགྲོ་བཞིན་པའི་གནས་ཚུལ་ཞུ། གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནད་གཞི་ཕོག་པ་སྙན་གསང་ཞུ་རྒྱུར། འདས་པའི་བདུན་ཕྲག་ཅིག་གི་ནང་རྒྱ་གར་ནང་དུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་༡༡ བྱུང་། ཞིབ་ཕྲ་ནི། རཱ་ཇི་པུར་གཞིས་ཆགས་ནས་མི་གྲངས།༡ རྡ་རམ་སཱ་ལཱ་ཁུལ་ནས་མི་གྲངས།༤ དྷོ་ལན་ཇི་བོན་གཞིས་ནས་མི་གྲངས།༡ མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་མི་གྲངས།༣ སིམ་ལ་ཁུལ་ནས་མི་གྲངས།༢ བཅས་ཁྱོན་མི་གྲངས་༡༡ བྱུང་ཡོད་པ་ལས་སྐྱེས་པ་གྲངས་༩ དང་བུད་མེད་གྲངས་༢ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་༨༩ དང་ཆུང་ཤོས་དེ་ལོ་༢༡ བྱུང་ཡོད། ནད་གཞི་ཕོག་པ་དང་དེ་བཞིན་ནད་པ་དང་ཐད་ཀར་འབྲེལ་གཏུག་བྱུང་བ་རྣམས་རང་ཁྱིམ་དང་། ཚོགས་སྡེའི་ཟུར་བཀག་ཐོག་དོ་ནན་བཞུགས་བཞིན་གསོ་བཅོས་གནང་བཞིན་པའི་གནས་སྟངས་ཞུ། སྟབས་ལེགས་པ་ཅིག་ལ་བདུན་ཕྲག་འདིའི་ནང་ནད་གཞི་འདིའི་རྐྱེན་གྱིས་བོད་མི་འདས་གྲོངས་སོང་བ་གཅིག་ཀྱང་བྱུང་མེད། ད་བར་རྒྱ་གར་དང་བལ་ཡུལ་ནང་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་༡༦༡༢ དྲག་སྐྱེད་བྱུང་བ་མི་གྲངས་༡༤༩༦ འདས་གྲོངས་སོང་བ་མི་གྲངས།༤༣ ད་ལྟ་ནད་མནར་བཞིན་པ་མི་གྲངས།༧༣ ཡོད་པ་ཡིན།
བཞི་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུར། ད་བར་རྒྱལ་སྤྱིའི་ནང་ནད་གཞི་འདི་ཕོག་པའི་མི་གྲངས་ས་ཡ་༡༡༧ དང་བྱེ་བྲག་ཨ་རིའི་ནང་ཛ་དྲག་ཤོས་བྱུང་བས་ད་བར་མི་གྲངས་ས་ཡ་༢༨ རྒྱ་གར་ནང་ས་ཡ་༡༡ ཨུ་རུ་སི་ནང་ས་ཡ་༤ དང་ཨིན་ཡུལ་ནང་ས་ཡ་༤ ལྷག་བྱུང་ཡོད། རྒྱ་གར་ནང་ད་ལྟ་ནད་མནར་བཞིན་པ་མི་གྲངས་༡༨༩༢༢༦ ཙམ་དང་འདས་པའི་ཆུ་ཚོད་ཉེར་བཞི་ནང་མི་གྲངས་༢༢༨༥༤ དང་སྔོན་འགོག་སྨན་ཁབ་རྒྱག་ཟིན་པ་མི་གྲངས་འབུམ་༢༥༦ ཟིན་ཡོད།
སྔོན་འགོག་སྨན་ཁབ་དང་འབྲེལ་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ནང་དེ་སྔ་དུས་རབས་༡༧ ནང་འབྲུམ་བུ་དང་སེབ་བུ་ལ་སོགས་པའི་རིམས་ནད་བྱུང་ཡོད་ལ་འབྲུམ་བུའི་རིམས་ནད་སྔོན་འགོག་ཆེད་འབྲུམ་ནད་ཕོག་པའི་མིའི་འབྲུམ་སྐོགས་བསགས་ནས་དེའི་ནང་སྨན་སྦྱོར་བྱེད་ནས་མིའི་ཁ་སྣ་བརྒྱུད་ཁོང་དུ་བཏང་བ་དང་ཡང་བཙགས་བུའི་ཡོ་བྱད་ཀྱིས་དཔུང་པར་སྨན་འདེབས་ཅིང་འབྲུམ་འཛུགས་སམ་འབྲུམ་འདེབས་ཅེས་སྨན་བཅོས་རིག་པ་བཏང་ནས་འབྲུམ་བུ་ལས་ཐར་བར་བྱེད་པ་འདས་པའི་ལོ་རྒྱུས་ཡིག་ཆའི་ནང་གསལ་ཡོད་ན་རིམས་ནད་འདི་ཚོའི་རིགས་ལ་སྔོན་འགོག་བྱེད་རྒྱུ་ཡོད་པ་དང་། ནད་ཡམས་འདི་ལས་ཐར་བར་བྱེད་རྒྱུ་ཡོད་པ། དེ་བཞིན་ནད་གཞི་བྱུང་བའི་རྗེས་སུ་གསོ་བཅོས་བྱ་རྒྱུ་ཡོད་པ་རེད། ཕྱི་ལུགས་སྨན་གྱི་རིག་པ་ལས་སྔོན་འགོག་སྨན་ཁབ་དེ་དུས་རབས་༡༨ ཙམ་ལ་ཐོག་མར་བཟོས་བསྐྲུན་བྱེད་སྒོ་ཚུགས་ནས་ད་བར་ནད་རིགས་འདྲ་མིན་ཉི་ཤུ་རྩ་གྲངས་ལ་སྔོན་འགོག་སྨན་ཁབ་རྒྱབ་བཞིན་ལོ་རེར་མི་གྲངས་ས་ཡ་༢་་༣ ཙམ་གྱི་ཚེ་སྲོག་སྐྱོབ་ཐུབ་པ་ཡོང་གི་ཡོད། སྔོན་འགོག་སྨན་ཁབ་ནི་འགྲོ་བ་མིའི་གཞི་རིམ་གྱི་འཕྲོད་བསྟེན་ཆ་ཤས་གལ་ཆེ་ཤོས་ཞིག་ཆགས་ཡོད། ད་ཆ་རྒྱ་གར་ནང་བོད་པའི་སློབ་གྲྭ་ཁག་རིམ་པས་སྒོ་ཕྱེ་བཞིན་རིང་མིན་འབྲིང་རིམ་དང་དམའ་རིམ་སློབ་ཕྲུག་རྣམས་བསྡུ་བསྐོང་གནང་གི་ཡོད་ན་སློབ་མ་དེ་རྣམས་འཕྲོད་བསྟེན་ཐོག་གོ་རྟོགས་ཞན་པས་སློབ་གྲྭའི་འཛིན་སྐྱོང་དང་དགེ་སློབ་ནས་དམིགས་བསལ་དམ་དོན་དང་སྔོན་འགོག་ཐོག་ཐུགས་སྣང་གནང་དགོས་པའི་དྲན་སྐུལ་ཞུ།
དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ནས་ལམ་སྟོན་གནང་གསལ། ད་ཆ་རྒྱ་གར་ནང་ལོ་ན་༦༠ ཡན་ལ་སྔོག་འགོག་སྨན་ཁབ་རྒྱག་བཞིན་ཡོད་པས་འདི་ཟླའི་ཚེས་༡༠ བར་ཀངྒ་ར་རྫོང་ཁོངས་མི་གྲངས་༦༧༨༠ ཙམ་ལ་སྔོན་ཁབ་རྒྱག་ཟིན་འདུག དེ་ནས་ལོ་༤༥ ཡན་བླ་གཉན་ནད་གཞི་ཡོད་པ་མི་གྲངས་༢༣༣ ལ་སྔོན་ཁབ་རྒྱག་ཟིན་ཞིང་སུ་ལའང་ཟུར་ཕོགས་ལྟ་བུའི་ཛ་དྲག་དཀའ་ངལ་འཕྲད་པ་བྱུང་མིན་འདུག ང་ཚོའི་སྤྱི་ཚོགས་ནང་མི་མང་པོས་སྔོན་འགོག་སྨན་ཁབ་རྒྱག་ཟིན་རྗེས་ཁ་རས་གྱོན་ཡས་སོགས་སྔོན་འགོག་ཐབས་ལམ་བསྟེན་དགོས་མིན་དོགས་འདྲི་མང་པོ་ཡོང་བཞིན་འདུག་ན་སྔོན་འགོག་སྨན་ཁབ་དང་པོ་དང་གཉིས་ཀ་གཉིས་ཀ་རྒྱབ་ཟིན་པའི་རྗེས་སྔོན་འགོག་བརྒྱ་ཆ་༧༠ ཙམ་ཡོད་པ་ལས་བརྒྱ་ཆ་༡༠༠ སྔོན་འགོག་ཐུབ་པ་མེད་དུས་ཁ་རས་གྱོན་ཡས་སོགས་སྔོན་འགོག་ཐབས་ལམ་མུ་མཐུད་བསྟེན་དགོས་པའི་ལམ་སྟོན་གནང་། སྔོན་འགོག་སྨན་ཁབ་ཆེད་དྲ་ཐོག་ནས་ཐོ་འགོད་བྱེད་ཕྱོགས་དང་འབྲེལ་ Arogya Setu མཉེན་ཆས་ཕབ་ལེན་བྱེད་ཕྱོགས་དང་ཡང་ www.cowin.gov.in ཞེས་གཞུང་འབྲེལ་དྲ་རྒྱའི་ཐོག་ནས་ཐོ་འགོད་དེབ་སྐྱེལ་བྱེད་སྟངས་ཐོག་ལམ་སྟོན་ཞིབ་ཕྲ་གནང་བ་དང་སྦྲགས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་༥༠ དེ་མཇུག་སྒྲིལ་གནང་ཡོད། །