ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༨ རེས་གཟའ་ཟླ་བ།༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༤ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༤༩ པ་དེ་སྤེལ་ཡོད་པ་དང་གསལ་བསྒྲགས་ཞུ་མཁན་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ངག་དབང་བསྟན་འཛིན་ལགས་དང་། སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས། སྨན་པ་ཚེ་རིང་མཚམས་གཅོད་ལགས་བཅས་ཡིན།
དང་པོ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་གཞོན་ངག་དབང་བསྟན་འཛིན་ལགས་ཀྱིས་དོན་ཚན་གསུམ་གྱི་ཐོག་ནས་གསུང་དོན། དང་པོ་ཏོག་དབྱིབས་གཉན་རིམས་སྔོན་འགོག་དང་འབྲེལ་རྒྱ་གར་གཞུང་ནས་ཕྱི་ཟླ་ ༣ ཚེས་ ༡ ནས་ལོ་ན་ ༦༠ ཡན་དང་ལོ་ན་ ༤༥ ཡན་གྱི་མི་གང་ཞིག་བླ་གཉན་གྱི་ནད་གཞི་ཡོད་པ་རྣམས་ལ་སྔོན་ཁབ་རྒྱག་སྒོ་ཚུགས་ཡོད་པས་ས་གནས་ཚང་མར་གནས་སྟངས་གཅིག་མཚུངས་མེད་སྟབས། བོད་མིའི་འདུ་སྡོད་ས་གནས་ཁ་ཤས་ནང་ས་གནས་འགོ་འཛིན་དང་ཁ་ཤས་སར་རྒྱ་གར་གཞུང་གྱི་སྨན་ཁང་དུ་བསྐྱོད་དགོས་པ་ཆགས་ཀྱི་འདུག འཕྲོད་བསྟེན་ལས་ཁུངས་ནས་ས་གནས་འགོ་འཛིན་ཚང་མར་ལམ་སྟོན་དང་ཡིག་ཆ་མཉམ་སྦྱར་ཕུལ་ཟིན་ཡོད། ས་གནས་མི་མང་ནས་འདིའི་ཐོག་དོགས་འདྲི་གང་ཡོད་ས་གནས་འགོ་འཛིན་དང་ས་གནས་འཕྲོད་བསྟེན་སྨན་ཁང་འགན་འཛིན་ལ་འབྲེལ་བ་གནང་རོགས། ད་ལྟའི་ཆར་རྒྱ་གར་གཞུང་གི་མཉེན་ཆས་ (Arogya Setu) ནས་སོ་སོ་སྒེར་གྱིས་ཐོ་འགོད་བྱེད་རྒྱུ་ཡོད་ཀྱང་སྔོན་ཁབ་རྒྱག་རྒྱུ་སོ་སོས་དུས་ཚོད་ཞུས་པ་དེར་ཐོབ་ཐབས་དཀའ་ནའང་སྔོན་འགོག་སྨན་ཁབ་དང་འབྲེལ་ས་གནས་འགོ་འཛིན་ནས་ལམ་སྟོན་ཞུ་གནང་དགོས་པ་གསུངས།
དོན་ཚན་གཉིས་པ་ནི། ད་ཆ་རྒྱ་གར་མངའ་སྡེ་འགའ་ཤས་ནང་ནད་པའི་གྲངས་འཕར་འགྲོ་ཡི་ཡོད་པས་བོད་མིའི་སྤྱི་ཚོགས་ནང་དུའང་ཉེ་བའི་ཆར་ལོ་གསར་རྗེས་ནད་གཞི་ཕོག་པའི་གྲངས་འཕར་འགྲོ་ཡི་འདུག་ན་སོ་སོའི་ངོས་ནས་ནད་ཡམས་འདི་ལ་རྣམ་གཡེང་དུ་མ་བཏང་བར་སྔོན་འགོག་ཐབས་ལམ་རྣམས་མུ་མཐུད་བསྟེན་དགོས་ཅིང་གཟབ་གཟབ་གནང་དགོས་པ་དང་། ས་གནས་སུ་འབྱོར་སྐབས་བརྟག་དཔྱད་བྱེད་ཀྱི་ཡོད་པས་བརྟག་དཔྱད་གྲུབ་ཐོན་མ་ཐོན་པར་གང་བྱུང་མ་ཕེབས་རྒྱུ་དང་ཕྱི་མི་གཞན་དང་ཐག་ཉེའི་འབྲེལ་གཏུག་མ་གནང་རོགས། གཞན་ཡང་མི་མང་ནས་ནད་གཞི་འདི་དང་འབྲེལ་བའི་དོགས་འདྲི་དང་སེམས་ཁམས་དཀའ་ངལ་ཡོད་ཚེ་བོད་མིའི་སྒྲིག་འཛུགས་དང་། དེ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་གཞུང་འབྲེལ་དྲ་རྒྱའི་ཐོག་འབྲེལ་གཏུག་ཁ་པར་ཨང་གྲངས་རེ་རེ་བཀོད་ཡོད་ན་དེར་འབྲེལ་བ་གནང་རོགས་ཞེས་རེ་སྐུལ་ཞུས་གནང་།
འདི་ཟླའི་ཚེས་ ༡༠ ཉིན་བོད་མིའི་སྒེར་ལངས་ཉིན་མོའམ་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད་ན་དེའི་སྐབས་མང་ཚོགས་ནས་མིའི་དབར་རྒྱང་ཐག་འཇོག་རྒྱུ་དང་། ཁ་རས་བསྣམ་རྒྱུ། ཆུ་དམ་དང་ཟ་བཏུང་རིགས་སོ་སོའི་ནང་ནས་མཉམ་འཁྱེར་དགོས་པ། དེ་བཞིན་ད་ཆ་གནམ་གཤིས་འགྱུར་ལྡོག་འགྲོ་བཞིན་ཡོད་པས་གནམ་གཤིས་འགྱུར་ལྡོག་སྐབས་ཚ་གྲང་འཐབ་པ་དང་། ཆམ་ཚད་ལྟ་བུ་འབྱུང་སྲིད་པས་གཟབ་གཟབ་གནང་རྒྱུ། གལ་སྲིད་སོ་སོ་ལ་ཆམ་ཚད་ལྟ་བུའི་ནད་རྟགས་མངོན་བཞིན་ཡོད་ཚེ་དུས་དྲན་སྲུང་བརྩིའི་ཉིན་མོར་མ་ཕེབས་རོགས་གནང་ཞེས་རེ་སྐུལ་ཞུས་གནང་།
གཉིས་པ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུས་དོན། འདས་པའི་བདུན་ཕྲག་ནང་ཁྱོན་རྒྱ་གར་ནང་བོད་མི་གྲངས་ ༥༩༤ ༼རང་ཁྱིམ། ༢༠༢ ཚོགས་སྡེ་དང་སྒྲིག་འཛུགས་ཀྱིས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་ ༣༩༢༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། གཉིས་པ་གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་འབྲེལ་ད་བར་ཁྱོན་བོད་མི་གྲངས་ ༢༦༩༣༤ ཙམ་ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་འགྲེམས་སྤེལ་ཞུས་ཡོད།
སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༥ ལ་ཁ་པར་བརྒྱུད་ནས་སེམས་ཁམས་འཕྲོད་བསྟེན་སློབ་གསོ་གནང་བ་བྱུང་ཡོད་པ་དང་ཆབས་ཅིག སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་མདུན་བསྐྱོད་ཞབས་ཞུ་བའི་སེམས་ཁམས་འཕྲོད་བསྟེན་སླད་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་ཟས་སྤྱོད་འཕྲོད་པར་བསྟེན་པའི་སྒོ་ནས་སེམས་ཁམས་འཕྲོད་བསྟེན་གནང་ཕྱོགས་སྐོར་ཟབ་སྦྱོང་གཅིག་གོ་སྒྲིག་ཞུས་ཡོད་པ་དང་། དེ་ནས་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་བདུན་ཕྲག་འདིའི་ནང་ཁྱོན་རྒྱ་གར་ནང་གི་བོད་མི་གྲངས་ ༡༨༠༥ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་ཐུབ་པ་བྱུང་ཡོད། རྒྱ་གར་ནང་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་ནས་བདུན་ཕྲག་འདིའི་ནང་བྷན་ཌཱ་རཱ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་འཕྲོད་ལས་པ་གྲངས་ ༧ ལ་སྔོན་འགོག་སྨན་ཁབ་བརྒྱབ་ཐུབ་པ་བྱུང་བས་ཁྱོན་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ནང་མདུན་བསྐྱོད་ཕྱག་ལས་གནང་མཁན་མི་གྲངས་བསྡོམས་ ༤༡༣ ཙམ་ལ་སྔོན་འགོག་སྨན་ཁབ་བརྒྱབ་ཡོད་པ་དང་། དེ་བཞིན་བོད་མི་ལོ་ན་བགྲེས་པ་གྲངས་ ༢༤༨ ཙམ་ལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་སྔོན་འགོག་སྨན་ཁབ་བརྒྱབ་ཐུབ་པ་བྱུང་ཡོད། གཞན་ཡང་ས་གནས་ཛ་དྲག་ཚོགས་ཆུང་ནས་ས་གནས་གཞུང་གི་སྨན་ཁང་དང་རྫོང་གི་སྤྱི་ཁྱབ་སྨན་པ་འགན་འཛིན་བཅས་ངོ་བཅར་ཐུགས་འཕྲད་དང་བདུན་རེའི་ཚོགས་འདུ། དེ་བཞིན་མང་ཚོགས་ལ་ལམ་སྟོན་གནང་རྒྱུས་མཚོན་ལས་དོན་རྣམས་མུ་མཐུད་ནས་འགྲོ་བཞིན་པའི་གནས་ཚུལ་ཞུ།
གསུམ་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནད་གཞི་ཕོག་པ་སྙན་གསང་ཞུ་རྒྱུར། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་དུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༦༡ བྱུང་། ཞིབ་ཕྲ་ནི། བྷན་ཌཱ་རཱ་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་ནས་མི་གྲངས། ༢ སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས། ༡ རྡ་ས་ཁུལ་ནས་མི་གྲངས། ༥༥ མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ནས་མི་གྲངས། ༡ མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་མི་གྲངས། ༡ རཱཇ་པུར་བོད་མིའི་གཞིས་ཆགས་ནས་མི་གྲངས། ༡ བཅས་ཁྱོན་མི་གྲངས་ ༦༡ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༥༥ དང་། བུད་མེད་གྲངས་ ༦ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༨༦ དང་ཆུང་ཤོས་དེ་ལོ་ ༡༥ བྱུང་ཡོད། ནད་གཞི་ཕོག་པ་དང་དེ་བཞིན་ནད་པ་དང་ཐད་ཀར་འབྲེལ་གཏུག་བྱུང་བ་རྣམས་རང་ཁྱིམ་དང་། ཚོགས་སྡེའི་ཟུར་བཀག་ཐོག་དོ་ནན་བཞུགས་བཞིན་གསོ་བཅོས་གནང་བཞིན་པའི་གནས་སྟངས་ཞུ། སྟབས་ལེགས་པ་ཞིག་ལ་བདུན་ཕྲག་འདིའི་ནང་ནད་གཞི་འདིའི་རྐྱེན་གྱིས་བོད་མི་འདས་གྲོངས་སོང་བ་གཅིག་ཀྱང་བྱུང་མེད། ད་བར་རྒྱ་གར་དང་བལ་ཡུལ་ནང་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༡༦༠༡ དྲག་སྐྱེད་བྱུང་བ་མི་གྲངས་ ༡༤༨༥ འདས་གྲོངས་སོང་བ་མི་གྲངས། ༤༡ ད་ལྟ་ནད་མནར་བཞིན་པ་མི་གྲངས། ༧༥ ཡོད་པ་ཡིན།
གསུམ་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུར། ད་བར་རྒྱལ་སྤྱིའི་ནང་ནད་གཞི་འདི་ཕོག་པའི་མི་གྲངས་ས་ཡ་ ༡༡༤ དང་། བྱེ་བྲག་ཨ་རིའི་ནང་ཛ་དྲག་ཤོས་བྱུང་བས་ད་བར་མི་གྲངས་ས་ཡ་ ༢༨ དང་ཡུ་རོབ་ནང་ཁྱོན་མི་གྲངས་ས་ཡ་ ༣༩ ལྷག་ལ་ནད་གཞི་ཕོག་པ་དང་གནས་ཡུལ་རྒྱ་གར་ནང་མཚོན་ན་ཁྱོན་མི་གྲངས་ས་ཡ་ ༡༡ དང་འདས་པའི་ཉིན་གཅིག་ནང་མི་གྲངས་ ༡༧༤༠༧ ཙམ་ལ་ནད་གཞི་ཕོག་པ་བྱུང་ཡོད། རྒྱ་གར་ནང་དྲག་སྐྱེད་སོང་བའི་བརྒྱ་ཆ་ ༩༧་༠༣ འདས་གྲོངས་སོང་བའི་བརྒྱ་ཆ་ ༡་༤༡ ད་ཆ་ནད་མནར་བཞིན་པ་མི་གྲངས་ ༡༧༣༤༡༣ རྒྱ་གར་ནང་ད་ཆ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དང་གཉིས་པ་རྒྱག་སྒོ་ཚུགས་ནས་ད་བར་ཁྱོན་མི་གྲངས་ས་ཡ་ ༡༦ ལྷག་ལ་སྔོན་ཁབ་བརྒྱབ་ཟིན། སྔོན་འགོག་སྨན་ཁབ་དང་འབྲེལ་རྒྱ་གར་ནང་སྔོན་ཁབ་རིམ་པ་དང་པོ་དེ་ཆ་ཚང་བརྒྱབ་ཟིན་ནས་ད་ཆ་རིམ་པ་གཉིས་པ་ལོ་ན་བགྲེས་པ་རྣམས་ལ་རྒྱག་སྒོ་ཚུགས་པས་རྒྱ་གར་གྱི་གཞུང་འཛིན་མི་སྣ་སྲིད་འཛིན་དང་སྲིད་བློན། བློན་ཆེན་སོགས་གནད་ཡོད་དང་མི་སྣ་གྲགས་ཅན་མང་དག་གིས་སྔོན་ཁབ་བརྒྱབ་ཟིན།
ད་ལྟའི་ཆར་ནད་ཡམས་འདི་ལ་གདོང་ལེན་དང་སྔོན་འགོག་གི་ཐབས་ལམ་ཡག་ཤོས་དེ་སྔོན་འགོག་སྨན་ཁབ་འདི་ཆགས་ཀྱི་ཡོད་པས་སྔོན་ཁབ་འདི་རྒྱལ་ཁབ་ཀྱི་སྨན་པ་དང་། ཚན་རིག ཉམས་ཞིབ་པ་མང་པོས་ཟླ་བ་མང་པོའི་རིང་ཉམས་ཞིབ་ཚོད་ལྟ་རིམ་པ་བྱེད་པའི་ཐོག་ནས་བཟོ་བསྐྲུན་གནང་པ་ཞིག་ཡིན་པ་དང་། འདས་པའི་ཉམས་ཞིབ་ནང་དུའང་སྔོན་འགོག་འདིའི་རྐྱེན་གྱིས་སྲོག་སྐྱོན་བྱུང་བ་དེ་འདྲ་བྱུང་མེད། རྒྱ་གར་ནང་སྔོན་ཁབ་ཀྱི་གཞི་རྒྱ་ཆེ་བའི་ལས་རིམ་འགོ་འཛུགས་ཀྱིས་རྒྱལ་ཁབ་ནང་ཏོག་དབྱིབས་གཉན་རིམས་རྩ་མེད་གཏོང་རྒྱུའི་འཆར་གཞི་ཡོད་པ་བཞིན་མང་ཚོགས་ནས་ཀྱང་རྒྱབ་སྐྱོར་དང་ནུས་པ་མཉམ་སྤུངས་གནང་བཞིན་པའི་གནས་སྟངས་ཞུ།
བོད་མིའི་སྤྱི་ཚོགས་ནང་དུའང་ད་བར་སྐུ་ན་བགྲེས་པ་གྲངས་ ༢༤༨ ཙམ་ལ་སྔོན་འགོག་ཁབ་བརྒྱབ་ཟིན་པ་རྣམས་ལ་དམིགས་བསལ་མི་འཕྲོད་པ་སོགས་ཀྱི་དཀའ་ངལ་གང་ཡང་འཕྲད་མེད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་ཉེ་བའི་ཆར་ས་གནས་འགོ་འཛིན་སྤྱི་ལ་ཁྱབ་པའི་ལམ་སྟོན་དོན་ཚན་བཞི་ཕུལ་ཡོད་པ་མ་ཟད། གལ་ཆེ་ཤོས་དེ་སྔོན་འགོག་སྨན་ཁབ་བརྒྱབ་པའི་ཉིན་ལྟོ་ཆད་པའམ་གྲོད་པ་སྟོང་པ་དང་། གཉིད་ཆག་པ་སྟེ་མཚན་གང་གཉིད་མེད་པ་དེ་འདྲ་མིན་པ། དེ་བཞིན་སེམས་ཁམས་གུ་ཡེངས་ཤིང་དོགས་པ་རྣམ་རྟོག་མེད་པ། ཇ་གར་པོ་དང་། འཚིག་ཇ་ཀོ་ཕི། དེ་བཞིན་ཁ་ཏིག་ཚོད་མ་དང་ཕག་ཤ་སོགས་བསིལ་ཞིང་རླུང་འཕེལ་བའི་ཟ་བཏུང་རིགས་འཛེམ་དགོས་པ། སྤྱོད་ལམ་ཁོངས་ཉི་མར་ཡུན་རིང་པོར་སྲོ་སྡོད་དང་ཡང་ན་རླུང་གྲང་མོའམ་བསིལ་བུར་བཞུགས་པ། གཏར་ཁ་སོགས་བརྒྱབ་ནས་ཁྲག་མང་ཟགས་པ། བུད་མེད་ཟླ་མཚན་འབྱམས་པའི་གནས་སྐབས། བཤལ་སྐྱུག་དྲག་པོས་མནར་བ། ལུས་ལ་གཉན་ཚད་ལྡང་བའི་སྐབས། གཞན་ཡང་སྔོན་འགོག་རྒྱག་པའི་ཉིན་མོར་རིན་ཆེན་རིལ་བུ་སོགས་སྨན་བཟི་ཆེ་བའི་རིགས་རྣམས་འཛེམས་དགོས་པ་སོགས་ཟས་སྤྱོད་སྤང་བླངས་ཤེས་དགོས་ཆེ་བ་དང་། ཡང་རང་ཉིད་ལ་ཁྲག་ཤེད་དང་གཅིན་སྙི་སོགས་ནད་གཞི་ཡོད་ཚེ་ས་གནས་སྨན་པར་དང་ཛ་དྲག་ཚོགས་ཆུང་གི་ཚོགས་མིར་བཀའ་འདྲི་ལམ་སྟོན་ཞུས་ནས་གནང་རྒྱུ་ཤིན་ཏུ་གལ་ཆེ།
དེ་ནས་ད་བར་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་པ་མང་པོ་ཡོད་པས་སྔོན་ཁབ་བརྒྱབ་ཟིན་པ་རྣམས་ནས་ཁ་རས་གྱོན་རྒྱུ་སོགས་སྔོན་འགོག་ཐབས་ལམ་མུ་མཐུད་བསྟེན་རྒྱུ་གལ་ཆེ། ཕྱི་མི་འགྲུལ་བཞུད་བྱེད་མཁན་རྣམས་ནས་ཀྱང་ས་གནས་སུ་ཕྱིར་ལོག་རྗེས་ནད་གཞི་ཕོག་མེད་པའི་བརྟག་དཔྱད་སྙན་ཤོག་བསྣམ་རྒྱུ་ཡོད་ཀྱང་ཉིན་གྲངས་བདུན་རིང་ཟུར་བཀག་ཐོག་ནན་པོ་བཞུགས་རོགས། དེ་བཞིན་ནད་གཞི་ཕོག་པའི་མི་རྣམས་ནས་ཀྱང་ཟུར་བཀག་ཐོག་ནན་པོ་བཞུགས་དགོས་པ་སླར་ནན་སྐུལ་ཞུ་རྒྱུ་ཡིན། ད་ལྟའི་ཆར་ཟ་ཁང་དང་། མགྲོན་ཁང་། ལུས་རྩེད་ཁང་སོགས་ཁྲོམ་ར་ཆ་ཚང་སྒོ་ཕྱེ་བའི་གནས་སྐབས་སུ་རང་གི་ངོས་ནས་ཁ་རས་གྱོན་རྒྱུ་སོགས་སྔོན་འགོག་ཐབས་ལམ་རྣམས་འཐུས་ཤོར་དུ་མ་སོང་བར་བསྟེན་རྒྱུ་ཤིན་ཏུ་གལ་ཆེ་བའི་དྲན་སྐུལ་ཞུ་བཞིན་ཡོད།
དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས་ལམ་སྟོན་གནང་གསལ། ད་ཆ་རྒྱ་གར་ནང་མངའ་སྡེ་མང་ཆེ་བའི་ནང་གནས་སྟངས་བཟང་དུ་འགྲོ་བཞིན་འདུག་ཀྱང་མངའ་སྡེ་དྲུག་ཙམ་ནང་ད་དུང་ཛ་དྲག་ཆེ་རུ་འགྲོ་ཏེ་འགྲོ་འོང་བཀག་བསྡོམ་དང་སྒོ་རྒྱ་བསྡམ་པའི་གནས་སྟངས་ཆགས་འདུག ང་ཚོའི་སྤྱི་ཚོགས་ནང་ད་ཆ་མགོན་སྡེ་དང་ཚོགས་སྡེ་ཆེ་ཁག་ནང་ནད་གཞི་འདི་འགོས་ན་དེ་འགོས་ཁྱབ་ཤིན་ཏུ་མྱུར་བས་དེའི་ཐོག་གཟབ་གཟབ་གནང་དགོས་པའི་གནད་དོན་ལྔ་ཞུ་རྒྱུར། དང་པོ་དེ་ཚོགས་སྡེ་ཁག་ནང་ཕྱི་ནས་མི་འཛུལ་བཞུགས་བྱེད་ཀྱི་མེད་ཅེས་ནང་དུ་ཁ་རས་མ་གྱོན་པའི་གནས་སྟངས་འདུག་ན་དགོན་སྡེ་དང་སློབ་གྲྭ་སོགས་ཚོགས་སྡེ་ཆེ་ཁག་ནང་ཡིན་ཅིག་ཁ་རས་གྱོན་དགོས་པ་དང་གཅིག གཉིས་པ་དེ་མཆོད་ར་དང་འཛིན་གྲྭ་ཚོགས་ཀྱི་ཡོད་ཚེ་ཡིན་ཅིག་ཕྱི་ལ་ཚོགས་ཐུབ་ན་ལེགས་པ་དང་། ཡང་འཛིན་ཁང་ནང་ཡིན་ན་སློབ་མའི་གྲངས་ཉུང་དུ་གཏང་ནས་འཚོག་པ་དང་།
དེ་བཞིན་འཛིན་ཁང་སོགས་ཁང་པའི་སྒོ་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་ཡག་པོ་དགོས་རྒྱུ་ཤིན་ཏུ་གལ་ཆེ། གསུམ་པ་དེ་ཚོགས་སྡེ་ཁག་གི་སྤྱི་ཐབ་དང་འབྲེལ་མ་ཇན་ནམ་མ་གཡོག་ཅིག་གིས་ཁ་རས་དང་གདོང་ཁེབ་ཆ་ཚང་གྱོན་ནས་མི་གཅིག་གིས་ཞལ་ལག་འདེགས་འབུལ་གནང་ན་ལེགས། དེ་མིན་མི་ཚང་མས་སྐྱོག་ལ་ལག་པ་འཆང་བ་སོགས་ཀྱིས་གཉན་སྲིན་ཡོད་ཚེ་ལག་པ་འཆང་མཁན་ཚང་མར་འགོས་ཉེན་ཆེ་བས་དེའི་ཐོག་ཐུགས་སྣང་དགོས་པ་དང་། བཞི་པ་དེ་ཚོགས་སྡེ་ཁག་ནང་གལ་ཏེ་ཕྱི་མི་ཕེབས་མཁན་ཡོད་ཚེ་ཕྱི་མི་རྣམས་འགོག་དབྱེ་ཟུར་འཇོག་ཁང་ནང་ཟུར་བཀག་བཞུགས་ཡས་དང་དེ་བཞིན་བརྟག་དཔྱད་གནང་རྒྱུ་དེ་ཧ་ཅང་གལ་ཆེ། མཐའ་མ་དེ་ཚོགས་སྡེ་ཁག་ནང་མི་གང་ཞིག་ལ་ཆམས་ཚད་ལྟ་བུའི་ནད་རྟགས་ཡོད་ཚེ་སྔོན་ཚུད་ནས་བརྟག་དཔྱད་སྨན་བཅོས་དང་མང་ཚོགས་དང་འབྲེལ་གཏུག་གང་ཉུང་གནང་རྒྱུ་ཤིན་ཏུ་གལ་ཆེ།
དེ་ནས་སྔོན་འགོག་སྨན་ཁབ་དང་འབྲེལ་ད་ཆ་མང་ཚོགས་ནང་ལོ་ན་༦༠ ཡན་དང་ལོ་ན་༤༥ ཡན་གང་ཞིག་བླ་གཉན་ནད་གཞི་ཡོད་པ་རྣམས་ལ་རྒྱག་སྒོ་ཚུགས་པས་འཕྲོད་བསྟེན་ལས་ཁུངས་དང་དེ་བཞིན་ས་གནས་རྫོང་གི་སྨན་ཁང་ནས་ལམ་སྟོན་ཡོད་པས་ས་གནས་ལ་འབྲེལ་བ་གནང་དགོས། ལོ་ན་༦༠ ཡན་གྱི་མི་རྣམས་ལ་བླ་གཉན་ནད་གཞི་ཡོད་མེད་ལ་མ་ལྟོས་ཚང་མར་སྔོན་ཁབ་རྒྱག་གི་ཡོད་པ་དང་། ལོ་ན་༤༥ ཡན་གྱི་མི་རྣམས་ལ་སྙིང་དང་ཁྲག་ཤེད་སོགས་བླ་གཉན་གྱི་ནད་རིགས་འདྲ་མིན་༢༠ ཙམ་ཡོད་པ་ཡིན་ན་ཚད་ལྡན་དེབ་སྐྱེལ་སྨན་པའི་རྒྱབ་གཉེར་ཞུས་པའི་ཐོག་སྔོན་འགོག་ཐོབ་རྒྱུ་རེད། སྔོན་འགོག་སྨན་ཁབ་རྒྱབ་ཚར་བ་རྣམས་ནས་འགོག་དབྱེ་ཟུར་འཇོག་ཁང་ནང་སྡོད་དགོས་མིན་དོགས་འདྲི་མང་པོ་ཡོང་གི་འདུག་ན་སྔོན་འགོག་སྨན་ཁབ་འདིས་བརྒྱ་ཆ་༧༠ ཙམ་འགོག་ཐུབ་པའི་ནུས་པ་ཡོད་པ་དང། གལ་ཏེ་ནད་གཞི་འགོས་ཀྱང་ཛ་དྲག་སྨན་ཁང་ནང་ཉལ་དགོས་པ་དང་། སྲོག་ལ་ཉེན་ཁ་ཉུང་བ་ཡོད་པ་ཡིན། སྔོན་འགོག་སྨན་ཁབ་རྒྱག་ཟིན་རྗེས་ནད་གཞི་ཕོག་ཅིང་ནད་རྟགས་དམིགས་བསལ་མེད་ཚེ་དེས་མི་གཞན་ལ་ནད་གཞི་འགོས་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས་མུ་མཐུད་ནས་ཁ་རས་གྱོན་ཡས། མིའི་དབར་རྒྱང་ཐག་འཇོག་ཡས། ལག་པ་ཡང་སེ་འཁྲུ་གནང་རྒྱུ་ཤིན་ཏུ་གལ་ཆེ་བས་དེ་དོན་མང་ཚོགས་ནས་མཁྱེན་རྟོགས་དགོས་པའི་ལམ་སྟོན་ཞུས་པ་དང་སྦྲགས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་༤༩ པ་དེ་མཇུག་སྒྲིལ་གནང་ཡོད།