ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡ རེས་གཟའ་ཟླ་བ།༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༤༨ དེ་སྤེརལ་ཡོད་པ་དང་། གསལ་བསྒྲགས་ཞུ་མཁན་སྨན་པ་བསྟན་འཛིན་རྣམ་གྲོན་ལགས་དང་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཡིན།
དང་པོ། ལས་དོན་ཚོགས་ཆུང་གི་གསར་འགོད་འབྲེལ་མཐུད་སྨན་པ་ཚེ་རིང་མཚམས་གཅོད་ལགས་ཀྱིས་འདས་པའི་བདུན་ཕྲག་གཅིག་ནང་ཚོགས་ཆུང་གི་གྲུབ་ཐོན་མདོར་བསྡུས་ཞུ་དོན། འདས་པའི་བདུན་ཕྲག་ནང་ཁྱོན་རྒྱ་གར་ནང་བོད་མི་གྲངས་ ༢༩༣ ༼རང་ཁྱིམ། ༡༤༡ ཚོགས་སྡེ་དང་སྒྲིག་འཛུགས་ཀྱིས་མཐུན་འགྱུར་སྦྱར་བའི་འགོག་དབྱེ་ཟུར་འཇོག་ཁང་དུ་བཞུགས་མཁན་མི་གྲངས་༡༥༢༽ འགོག་དབྱེ་ཟུར་བཀག་ཐོག་བཞུགས་ཡོད་པ་དང་། གསོ་རིག་ལུས་སེམས་ནུས་གསོའི་སྨན་དང་འབྲེལ་ད་བར་ཁྱོན་བོད་མི་གྲངས་ ༢༦༦༤༩ ཙམ་ལ་གསོ་རིག་ལུས་སེམས་ནུས་གསོའི་སྨན་རིན་མེད་ཐོག་འགྲེམས་སྤེལ་ཞུས་ཡོད། སེམས་ཁམས་འཕྲོད་བསྟེན་དང་འབྲེལ་འདས་པའི་བདུན་ཕྲག་ནང་ནད་གཞི་ཕོག་པའི་མི་གྲངས་ ༩ ལ་ཁ་པར་བརྒྱུད་སེམས་ཁམས་འཕྲོད་བསྟེན་སློབ་གསོ་གནང་བ་བྱུང་ཡོད་པ་དང་ཆབས་ཅིག་སེམས་ཁམས་འཕྲོད་བསྟེན་ཚན་པའི་ངོས་ནས་མདུན་བསྐྱོད་ཞབས་ཞུ་བའི་སེམས་ཁམས་འཕྲོད་བསྟེན་སླད་བོད་ཀྱི་གསོ་བ་རིག་པའི་ཐོག་ནས་སེམས་ཁམས་འཕྲོད་བསྟེན་ཐོག་ཟབ་སྦྱོང་དང་། གཞན་ཡང་ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་སྨན་ཁབ་དང་འབྲེལ་ནས་ཨ་རི་ཨེ་མོ་རི་གཙུག་ལག་སློབ་ཁང་ནས་ཆེད་ལས་གདན་ཞུས་ཀྱིས་སྔོན་འགོག་སྨན་ཁབ་ཀྱི་དགེ་ཕན་སོགས་ངོ་སྤྲོད་ཟབ་སྦྱོང་བཅས་གནང་ཡོད།
དེ་ནས་ནད་ཡམས་ཁྱབ་གདལ་བཀག་འགོག་ཆེད་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་གྲངས་ ༡༥ ནང་མི་གྲངས་ ༨༡༠ ཙམ་ལ་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་ཐུབ་པ་བྱུང་ཡོད། རྒྱ་གར་ནང་སྔོན་འགོག་སྨན་ཁབ་རྒྱག་སྒོ་ཚུགས་ནས་བདུན་ཕྲག་འདིའི་ནང་རྡ་ས་ཁུལ་དུ་མི་གྲངས་ ༤༨ དང་། མེན་པཌ་ཕན་བདེ་གླིང་དུ་མི་གྲངས་ ༡༢ བཅས་ཁྱོན་བསྡོམས་མི་གྲངས་ ༦༠ ལ་སྔོན་འགོག་སྨན་ཁབ་བརྒྱབ་ཐུབ་པ་བྱུང་བས་ཁྱོན་རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ནང་མདུན་བསྐྱོད་ཕྱག་ལས་གནང་མཁན་མི་གྲངས་བསྡོམས་༤༠༦ ཙམ་ལ་རྒྱ་གར་གཞུང་གི་མཐུན་འགྱུར་འོག་སྔོན་འགོག་སྨན་ཁབ་བརྒྱབ་ཐུབ་པ་བྱུང་ཡོད། གཞན་ཡང་ས་གནས་ཛ་དྲག་ཚོགས་ཆུང་ནས་ས་གནས་གཞུང་གི་སྨན་ཁང་དང་དེ་བཞིན་རྫོང་གི་སྤྱི་ཁྱབ་སྨན་པ་འགན་འཛིན་བཅས་ངོ་བཅར་ཐུགས་འཕྲད་དང་བདུན་རེའི་ཚོགས་འདུ། དེ་བཞིན་མང་ཚོགས་ལ་ལམ་སྟོན་གནང་རྒྱུ་མཚོན་པའི་ལས་དོན་རྣམས་མུ་མཐུད་ནས་འགྲོ་བཞིན་པའི་གནས་ཚུལ་ཞུས། གཉིས་པ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ནད་གཞི་ཕོག་པ་སྙན་གསང་ཞུ་རྒྱུར། འདས་པའི་བདུན་ཕྲག་གཅིག་གི་ནང་རྒྱ་གར་ནང་དུ་ནད་གཞི་ཕོག་པ་ར་འཕྲོད་བྱུང་བ་མི་གྲངས་ ༡༠ བྱུང་། ཞིབ་ཕྲ་ནི་པོཎ་ཌོ་གཞིས་ཆགས་ནས་མི་གྲངས། ༡ རྡ་རམ་སཱ་ལཱ་ཁུལ་ནས་མི་གྲངས། ༡ མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ནས་མི་གྲངས། ༥ སྦེལ་ཀོབ་གཞིས་ཆགས་ནས་མི་གྲངས། ༢ མེན་པཌ་ཕན་བདེ་གླིང་གཞིས་ཆགས་ནས་མི་གྲངས། ༡ བཅས་ཁྱོན་མི་གྲངས་ ༡༠ བྱུང་ཡོད་པ་ལས་སྐྱེས་པ་གྲངས་ ༤ དང་བུད་མེད་གྲངས་ ༦ དེའི་ནང་ནས་དགུང་ན་མཐོ་ཤོས་དེ་ ༩༠ དང་ཆུང་ཤོས་དེ་ལོ་ ༡༥ ནད་རྟགས་ཡོད་པ་མི་གྲངས། ༤ ནད་རྟགས་མེད་པ་མི་གྲངས། ༦ བྱུང་ཡོད། ནད་གཞི་ཕོག་པ་དང་དེ་བཞིན་ནད་པ་དང་ཐད་ཀར་འབྲེལ་གཏུག་བྱུང་བ་རྣམས་རང་ཁྱིམ་དང་། ཚོགས་སྡེའི་ཟུར་བཀག་ཐོག་དོ་ནན་བཞུགས་བཞིན་གསོ་བཅོས་གནང་བཞིན་པའི་གནས་སྟངས་ཞུ། སྟབས་ལེགས་པ་ཞིག་ལ་བདུན་ཕྲག་འདིའི་ནང་ནད་གཞི་འདིའི་རྐྱེན་གྱིས་བོད་མི་འདས་གྲོངས་སོང་བ་གཅིག་ཀྱང་བྱུང་མེད། ད་བར་རྒྱ་གར་དང་བལ་ཡུལ་ནང་བོད་མི་ནད་གཞི་ཕོག་པ་ཁྱོན་མི་གྲངས་ ༡༥༤༠ དྲག་སྐྱེད་བྱུང་བ་མི་གྲངས་ ༡༤༨༠། འདས་གྲོངས་སོང་བ་མི་གྲངས་ ༤༡ ། ད་ལྟ་ནད་མནར་བཞིན་པ་མི་གྲངས་ ༡༩ ཡོད་པ་ཡིན།
གསུམ་པ། མི་མང་ལ་ཐུགས་སྣང་ལམ་སྟོན་ཞུ་རྒྱུར། ད་བར་རྒྱལ་སྤྱིའི་ནང་ནད་གཞི་འདི་ཕོག་པའི་མི་གྲངས་ས་ཡ་ ༡༡༡ དང་། བྱེ་བྲག་ཨ་རིའི་ནང་ཛ་དྲག་ཤོས་བྱུང་བས་ད་བར་མི་གྲངས་ས་ཡ་ ༢༧ ཙམ་ལ་ནད་གཞི་ཕོག་པ་དང་མི་གྲངས་འབུམ་ ༥ ལྷག་ཚེ་སྲོག་ཕྱིན་ཡོད་པས་རྒྱལ་ཁབ་ཀྱི་སྲིད་འཛིན་ནས་ཀྱང་འདས་པའི་ལོ་རབས་ནང་དུ་རྒྱལ་ཁབ་ནང་འཕྲོད་བསྟེན་ཐོག་གོད་ཆག་ཆེ་ཤོས་ད་ལན་གྱི་ནད་ཡམས་འདིས་བྱུང་ཡོད་པ་བརྗོད་པ་དང་སྦྲགས་ནད་གཞི་འདིའི་རྐྱེན་གྱིས་ཚེ་འདས་སོང་བའི་འབྲེལ་ཡོད་ནང་མི་ཚང་མར་གདུང་སེམས་མཉམ་སྐྱེ་མཚོན་བྱེད་རྒྱལ་ཁབ་ཀྱི་རྒྱལ་དར་ཕྱེད་ཙམ་ཕབ་པའི་གནས་སྟངས་བྱུང་ཡོད།
གཞན་ཡང་ཡུ་རོབ་ནང་ཁྱོན་མི་གྲངས་ས་ཡ་ ༣༧ ལྷག་ལ་ནད་གཞི་ཕོག་པ་དང་གནས་ཡུལ་རྒྱ་གར་ནང་མཚོན་ན་ཁྱོན་མི་གྲངས་ས་ཡ་ ༡༡ དང་། འདས་པའི་ཉིན་གཅིག་ནང་མི་གྲངས་ ༡༣༧༤༢ ཙམ་ལ་ནད་གཞི་ཕོག་པ་བྱུང་ཡོད། རྒྱ་གར་ནང་དྲག་སྐྱེད་སོང་བའི་བརྒྱ་ཆ་ ༩༧་༢༡ འདས་གྲོངས་སོང་བའི་བརྒྱ་ཆ་ ༡་༤༢ ད་ཆ་ནད་མནར་བཞིན་པ་མི་གྲངས་ ༡༥༡༧༠༨ དེ་བཞིན་ཉིན་རེར་མི་གྲངས་འབུམ་བདུན་ལྷག་ལ་བརྟག་དཔྱད་བྱེད་ཅིང་ཁྱོན་མི་གྲངས་ས་ཡ་ ༢༡༣ ལྷག་ལ་ད་བར་ནད་གཞི་ཕོག་ཡོད་མེད་བརྟག་དཔྱད་བྱས་ཡོད་པ་རེད། རྒྱ་གར་ནང་ད་ཆ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དེ་སྨན་པ་དང་སྨན་ཞབས་སོགས་མདུན་ལ་དངོས་སུ་ཞབས་ཞུ་སྒྲུབ་མཁན་རྣམས་ལ་སྔོན་འགོག་ཁབ་རྒྱག་བཞིན་ཡོད་ན་ད་བར་ཁྱོན་མི་གྲངས་ས་ཡ་ ༡༢༦ ལྷག་ལ་བརྒྱབ་ཟིན་ཞིང་སྔོན་འགོག་སྨན་ཁབ་རིམ་པ་གཉིས་པ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡ ནས་མི་ལོ་ན་ ༦༠ ཡན་དང་། དེ་བཞིན་ལོ་ན་ ༤༥ ཡན་གང་ཞིག་ལ་བླ་གཉན་གྱི་ནད་གཞི་ཡོད་པ་རྣམས་ལ་བརྒྱག་རྒྱུ་ཡིན་པ་རེད།
ད་ལྟའི་ཆར་རྒྱ་གར་ནང་མཧཱ་རཱཥཊྲ་དང། ཀེ་རལ། པན་ཇཱབ་སོགས་མངའ་སྡེ་འགའ་ཤས་ནང་ནད་པའི་གྲངས་ཚད་འཕར་བཞིན་ཡོད་པ་དེ་གཉན་སྲིན་ངོ་བོ་འགྱུར་བའི་རྣམ་པ་ལས་བྱུང་བ་ཡིན་མིིན་ (ICMR) ནས་ཉམས་ཞིབ་བྱེད་བཞིན་ཡོད་པ་རེད། རྒྱལ་ནང་འགྲིམས་འགྲུལ་སྐབས་་མཧཱ་རཱཥཊྲ་དང་། ཀེ་རལ་གཉིས་ནས་འགྲུལ་པ་ཡིན་པ་རྣམས་ལ་ནད་གཞི་ཕོག་མེད་པའི་བརྟག་དཔྱད་སྙན་ཤོག་སྟོན་དགོས་པ་ཆགས་ཡོད། འགྲིམས་འགྲུལ་དང་འབྲེལ་བོད་མིའི་སྤྱི་ཚོགས་ཁྲོད་ད་ཆ་ལོ་གསར་ཚར་རྗེས་སོ་སོའི་ས་ཆར་ལོག་མཁན་དང་། དེ་བཞིན་བོད་པའི་སློབ་གྲྭ་ཁག་གཅིག་ཟླ་ ༣ ཚེས་ ༡ ནས་འགོ་འཛུགས་གནང་གི་ཡོད་པས་སློབ་ཕྲུག་དང་ཕ་མ་མང་པོ་ཞིག་ཕྲུག་གུ་སློབ་གྲྭར་འཛུལ་ཞུགས་ཆེད་འགྲིམས་འགྲུལ་གནང་བཞིན་ཡོད་པས་འགྲིམས་འགྲུལ་སྐབས་ལྷག་པར་གནམ་ཐང་དང་། མེ་འཁོར་དང་རླང་འཁོར་བབ་ཚུགས། གཞན་ཡང་ཟ་ཁང་དང་མགྲོན་ཁང་སོགས་ལ་ཕེབས་སྐབས་ནད་ཡམས་སྔོན་འགོག་སླད་ཁ་རས་གྱོན་རྒྱུ། མིའི་དབར་རྒྱང་ཐག་འཇོག་རྒྱུ། ལག་པ་ཡང་སེ་འཁྲུ་བའམ་དུག་སེལ་གནང་རྒྱུ་ཤིན་ཏུ་གལ་ཆེ།
སློབ་གྲྭ་སླར་སྒོ་ཕྱེ་རྒྱུ་དང་འབྲེལ་རྒྱ་གར་དབུས་གཞུང་ནས་དེ་སྔོན་ཡོངས་ཁྱབ་བྱེད་སྒོ་ལམ་སྟོན་གྱི་གཞུང་འབྲེལ་གསལ་བསྒྲགས་སྤེལ་ཡོད་པ་དང་། དེ་བཞིན་མངའ་སྡེ་དང་རྫོང་སོ་སོའི་གནས་བབ་ལ་གཞིགས་པས་སློབ་གྲྭ་རྣམས་སླར་སྒོ་ཕྱེ་དགོས་མིན་སློབ་གྲྭའི་འཛིན་སྐྱོང་ནས་ཐག་གཅོད་གནང་དགོས་པའི་བཀའ་ཁྲོལ་གནང་ཡོད་ན། ད་ཆ་བོད་པའི་སློབ་གྲྭ་ཁག་ཀྱང་ཟླ་ ༣ ཚེས་ ༡ ནས་སྒོ་ཕྱེ་གཏན་འཁེལ་བས་ནད་ཡམས་སྔོན་འགོག་དང་ཁྱབ་གདལ་བཀག་འགོག་སླད་རྒྱ་གར་དབུས་སའི་གཞུང་གི་ལམ་སྟོན་བྱེད་སྒོ་དང་། ཡང་སྒོས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་དང་ཤེས་རིག་ལས་ཁུངས། སཾ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་བཅས་ནས་ལམ་སྟོན་གནང་བ་རྣམས་སློབ་གྲྭའི་འགན་འཛིན་དང་སློབ་སྤྱི། འབྲེལ་ཡོད་སློབ་གྲྭའི་འཕྲོད་བསྟེན་དང་ནད་རིགས་སྔོན་འགོག་གམ་བདེ་འཇགས་ཚོགས་ཆུང་ཡོད་ཚེ་འབྲེལ་ཡོད་ནས་སློབ་གྲྭའི་འཛིན་ཁང་དང་། ཉལ་ཁང་། ཚོགས་ཁང་། དཔེ་མཛོད་ཁང་སོགས་འདུ་འཛོམས་ཆེ་སའི་ཁང་པའི་རླུང་འགྲོ་ཡག་པོ་དགོས་པ་དང་། དེ་བཞིན་ལག་པ་འཁྲུ་སའི་མཐུན་རྐྱེན། དེ་བཞིན་སློབ་མ་རྣམས་སློབ་གྲྭར་འབྱོར་སྐབས་ཟུར་བཀག་འཇོག་རྒྱུའི་མཚོན་སློབ་གྲྭ་ཐོག་མར་ཕྱེ་གོང་གི་བྱེད་སྒོ། སློབ་གྲྭ་སྒོ་ཕྱེ་སྐབས་དང་ཕྱེ་རྗེས་ཀྱི་ལམ་སྟོན་དང་ནད་ཡམས་སྔོན་འགོག་གི་བྱེད་སྒོ་ཁག་ (SOP/Protocols) ཆ་ཚང་མཁྱེན་ཆུབ་ཐོག་དགེ་སློབ་རྣམས་ཀྱི་བདེ་འཇགས་སྲུང་སྐྱོབ་སླད་གྲ་སྒྲིག་འཐུས་ཚང་གནང་རོགས་ཅེས་ཞུ།
གཙོ་ཆེ་ཤོས་དོ་བདག་སོ་སོ་ལ་རག་ལུས་པས་དགེ་རྒན་དང་ལྷག་པར་སློབ་མ་སོ་སོས་སོ་སོའི་འཕྲོད་བསྟེན་བདེ་འཇགས་སླད་ཁ་རས་གྱོན་རྒྱུ་སོགས་ཐབས་ལམ་བསྟེན་དགོས་པ་དང་། དེ་བཞིན་ཞལ་ལག་དང་གཉིད་དུས་ཐོག སེམས་པ་དང་བསམ་བློ་གུ་ཡེངས་གཏོང་རྒྱུ་སོགས་ལུས་སེམས་གཉིས་ཀའི་ནུས་པ་གསོ་བ་བརྒྱུད་ནད་ཡམས་སྔོན་འགོག་གི་ཐབས་ལམ་ལ་འབད་བརྩོན་གནང་རྒྱུ་ཤིན་ཏུ་གལ་ཆེ། ཕྲུག་གུའི་ཕ་མ་ཡིན་ཡང་ས་གནས་གང་དུ་འབྱོར་གྱི་ཡོད་ནའང་ས་གནས་དེའི་ཁྲིམས་སྒྲིག་ལ་བརྩི་བཀུར། དེ་བཞིན་བྱེད་སྒོ་ཁག་འཐུས་ཚང་གནང་རོགས་ཅེས་ཞུ།
དམིགས་བཀར་ཕྱིར་ལོག་ཕེབས་སྐབས་ནད་གཞི་ཕོག་མེད་པའི་གྲུབ་འབྲས་སྙན་ཤོག་སྟོན་རྒྱུ་ཡོད་ཀྱང་ཉུང་ཐར་བདུན་ཕྲག་གཅིག་རིང་མི་གཞན་དང་ལུས་པོའི་ཐག་ཉེའི་འབྲེལ་གཏུག་གནང་རྒྱུ་སོགས་མ་གནང་རོགས་ཅེས་རེ་སྐུལ་ཞུ།
དེ་རྗེས་ཕྱི་ལུགས་སྨན་པ་བསྟན་འཛིན་རྣམ་གྲོན་ལགས་ཀྱིས་ལམ་སྟོན་གནང་གསལ། ད་ཆ་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་སྨན་ཁབ་རིམ་པ་གཉིས་པ་དེ་ཕྱི་ཟླ་ ༣ ཚེས་ ༡ ནས་འགོ་འཛུགས་གནང་གཏན་འཁེལ་བ་དང་། སྔོན་ཁབ་རིམ་པ་གཉིས་པའི་ནང་ལོ་ན་ ༦༠ ཡན་དང་། ཡང་ལོ་ ༤༥ ཡན་ཡིན་པ་གང་ཞིག་ལ་ཁྲག་ཤེད་དང་གཅིན་སྙི་སོགས་བླ་གཉན་གྱི་ནད་གཞི་ཡོད་པ་རྣམས་ལ་བརྒྱག་རྒྱུ་རེད། དེ་ཡང་སྔོན་འགོག་སྨན་ཁབ་རྒྱག་ས་དེ་རྒྱ་གར་གཞུང་གི་སྨན་ཁང་དང་དེ་བཞིན་སྒེར་པའི་སྨན་ཁང་ནང་དུའང་བརྒྱག་རྒྱུའི་མཐུན་རྐྱེན་སྦྱོར་ཡོད་པ་རེད། གཞུང་གི་སྨན་ཁང་ལ་རྒྱག་ཚེ་རིན་མེད་དང་སྒེར་གཉེར་སྨན་ཁང་ནང་རྒྱག་ཚེ་རིན་འབབ་འབུལ་ཐོག་རྒྱག་དགོས་པས་ཉིན་ཤས་རྗེས་རིན་འབབ་ག་ཚོད་ཡིན་མིན་གཏན་འབེབས་གནང་རྒྱུ་ཡིན་པ་རེད།
དོན་གནད་གཉིས་པ་དེ་སྔོན་འགོག་སྨན་ཁབ་རྒྱག་སྐབས་མང་ཚོགས་ནང་ཆང་རག་འཐུང་ཆོག་མིིན་དོགས་འདྲི་སླེབས་བཞིན་པས་འདིའི་ཐད་རྒྱལ་ཁབ་སོ་སོར་ལམ་སྟོན་རེ་གནང་ཡོད་པས་མང་ཆེ་བས་ཆང་རག་གིས་གཟུགས་པོའི་ནང་སྔོན་འགོག་གི་ནུས་པ་ཉམས་ཀྱི་ཡོད་ནའང་བྱུང་ན་སྔོན་འགོག་སྨན་ཁབ་མ་རྒྱག་གོང་ཉིན་གཉིས་དང་བརྒྱབ་ཚར་རྗེས་བདུན་ཕྲག་གཉིས་ཙམ་རིང་ཆང་རག་མ་འཐུང་ན་ལེགས་པའི་ལམ་སྟོན་ཞུ་རྒྱུ་ཡིན།
དོན་གནད་གསུམ་པ་དེ་ད་ཆ་རྒྱ་གར་ནང་མཧཱ་རཱཥཊྲ་དང། ཀེ་རལ། ཀརནཱ་ཊཀ ཏ་མིལ་ནཱ་ཌཱུ་སོགས་ནང་ནད་པའི་གྲངས་ཚད་འཕར་བཞིན་འདུག་པས་མང་ཚོགས་ནས་ད་དུང་ཡིན་ནའང་ཁ་རས་གྱོན་རྒྱུ་སོགས་སྔོན་འགོག་ཐབས་ལམ་རྣམས་མུ་མཐུད་ནས་བསྟེན་གནང་རོགས་ཅེས་ཞུ། དེ་ནས་རྒྱུན་དུ་འཕྲོད་བསྟེན་བྱེད་ཕྱོགས་དང་འབྲེལ་ཞལ་ལག་བཅུད་ཅན་དུས་ཐོག་མཆོད་རྒྱུ། ལྷག་པར་སྔོ་ཚལ་དང་ཤིང་ཏོག ཆུ་རིགས་རླན་གཤེར་མང་ཙམ་བསྟེན་རྒྱུ་གལ་ཆེ། ཞལ་ལག་ནང་ཚ་དང་སྣུམ་ཚིལ་རིགས་ཉུང་ཙམ་དང་། སྔ་དགོང་ལུས་སྦྱོང་དང་དབུགས་སྦྱོང་རིགས་རྩེད་རྒྱུ། རྒྱུན་དུ་འབྱུང་ན་ཆང་རག་དང་ཐ་མ་ཁ་རིགས་གཏན་ནས་སྤོང་རྒྱུ་དང་དེ་མིན་ཡང་ཉུང་ཙམ་བསྟེན་རྒྱུ་གལ་ཆེ། ལྷག་པར་ཐ་མ་ཁ་ཡིན་ན་འཐེན་སྐབས་ལག་པ་ཡང་སེ་ཁ་སྣར་རེག་པས་ད་ལྟའི་ཏོག་དབྱིབས་གཉན་རིམས་ ༡༩ འགོས་རྒྱུར་ཧ་ཅང་ཉེན་ཁ་ཆེ་བ་དང་། ནད་གཞི་ཕོག་པའི་རྗེས་སུའང་གློ་བ་དང་འབྲེལ་བས་དབུགས་གཏོང་ལེན་གྱི་དཀའ་ངལ་ཆེན་པོ་འཕྲད་སྲིད་པས་ཐ་མ་ཁ་སོགས་དུག་རྫས་རིགས་སྤོང་རྒྱུ་ཤིན་ཏུ་གལ་ཆེ།
མཐའ་དོན་གསལ་བཤད་ཞིག་ཞུ་རྒྱུར། ཉེ་བའི་ཆར་འདི་ག་བདེ་ལེགས་སྨན་ཁང་ནས་སྨན་པ་བསྟན་འཛིན་རྣམ་གྲོན་ཡིན་ཁུལ་གྱིས་གློག་འཕྲིན་ཁ་བྱང་འདི་ <[email protected]> འདྲ་ཞིག་བཟོས་ནས་ཚོགས་པ་ཁག་མང་པོ་ཞིག་ལ་བཏང་འདུག་ན། གློག་འཕྲིན་འདིའི་ནང་མ་འོངས་པར་སྔོན་འགོག་སྨན་ཁབ་རྒྱག་སྐབས་ཆ་རྐྱེན་ཚང་འདུག་མིན་བལྟ་ཆེད་དྲ་ཐག་ཞིག་བསྐུར་འདུག གློག་འཕྲིན་དེ་བདེ་ལེགས་སྨན་ཁང་དང་སྨན་པ་དོ་བདག་ནས་བཏང་བ་རྩ་ནས་མིན་ཞིང་གོང་གསལ་གློག་འཕྲིན་ཁ་བྱང་དང་མཉམ་སྦྱར་དྲ་ཐག་ལ་ནམ་ཡང་མ་བསྣན་རོགས། ཅི་སྟེ་བདེ་ལེགས་སྨན་ཁང་དང་འབྲེལ་ཡོད་ནས་གསལ་བསྒྲགས་དང་ལམ་སྟོན་གང་སྤེལ་དགོས་འབྱུང་ཡང་ད་ལྟའི་གསར་འགོད་གསལ་བསྒྲགས་དང་། དེ་མིན་བོད་མིའི་སྒྲིག་འཛུགས་ཀྱི་བརྙན་འཕྲིན་དང་འཕྲོད་བསྟེན་ལས་ཁུངས་བརྒྱུད་ནས་གནང་དང་གནང་རྒྱུ་ཡིན་ན། མང་ཚོགས་ནས་གནས་ཚུལ་ཁུངས་ལྡན་མིན་པ་དང་དཀྲོག་གཏམ་རིགས་ལ་དོགས་ཟོན་དང་གཟབ་གཟབ་གནང་དགོས་པའི་ལམ་སྟོན་ཞུས་པ་དང་སྦྲགས་ལས་དོན་ཚོགས་ཆུང་གི་གསར་འགོད་གསལ་བསྒྲགས་ཐེངས་ ༤༨ པ་དེ་མཇུག་སྒྲིལ་གནང་ཡོད། །