ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༢ རེས་གཟའ་པ་སངས། ༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ སྲུང་བརྩི་ཞུ་སྐབས་སྦར་སེལ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་དུ་རྒྱ་ནག་གི་རྒྱལ་དར་མར་ལྷུང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་སྦར་སེལ་ཁུལ་གྱི་བོད་མི་རྣམས་ནས་སྦར་སེལ་གྲོང་ཁྱེར་ཤིའུ་མན་ (Schuman) ནང་ཡོད་པའི་ཡུ་རོབ་འཛིན་སྐྱོང་ལྷན་ཚོགས་ཀྱི་མདུན་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༢ དེ་བཞིན་སྲུང་བརྩི་ཞུས་ཡོད་པ་དང་། སྐབས་དེར་ཡུ་རོབ་གྲོས་ཚོགས་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་མི་ཀུ་ལ་སི་པེག་ས་ (Mr. Mikulas Peksa Czech) མཆོག་དང་། སྦེལ་ཇམ་གྲོས་ཚོགས་འཐུས་མི་སྐུ་ཞབས་སེ་མོལ་ཁོ་གྷོ་ལ་ཌི་ (Mr Samuel Cogolati) མཆོག སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ཀྱིས་གསུང་བཤད་གནང་ཡོད།སྐུ་ཞབས་པེག་ས་མཆོག་གིས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་བར་ཕེབས་མཁན་རྣམས་ལ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་ཡོད་པའི་སྐོར་གསུངས་པ་མ་ཟད། བོད་དོན་ལ་སྔར་ལྷག་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པ་དང་། ཡུ་རོབ་གྲོས་ཚོགས་ཀྱི་ངོས་ནས་བོད་དོན་སླད་རྒྱབ་སྐྱོར་བྱེད་པར་ཐབས་ལམ་ཁ་ཤས་ཤིག་ཡོད་པའི་སྐོར་གཙོ་འདོན་གནང་ཡོད། ཡུ་རོབ་གྲོས་ཚོགས་གསར་པ་བཙུགས་པ་ནས་བཟུང་ད་བར་སྐུ་ཞབས་པེག་ས་མཆོག་གིས་ཡུ་རོབ་གྲོགས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་འགན་འཁུར་གནང་བཞིན་ཡོད།དེ་རྗེས་སྐུ་ཞབས་ཁོ་གྷོ་ལ་ཌི་མཆོག་གིས་བོད་དོན་ཆེད་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་ཐོབ་ཐང་ཡིན་པས་ས་ཆ་གང་དུ་བརྩི་མེད་རྡོག་རོལ་བཏང་ན་དེ་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས། གཞན་ཡང་ཁོང་གིས་སྦེལ་ཇམ་གཞུང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་མཆོག་གི་མ་འོངས་ཡང་སྲིད་ཐད་ཐག་གཅོད་བྱེད་རྒྱའི་ཐོབ་ཐང་ནི་བོད་མི་ནང་པ་ཡོངས་ལ་ཡོད་པ་ལས་གཞན་སུ་གང་ལ་མེད་པའི་ལངས་ཕྱོགས་འཛིན་དགོས་པའི་ཐད་འབད་བརྩོན་གནང་རྒྱུ་ཡིན་པའི་སྐོར་དང་། དེ་བཞིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་བཀྲོལ་ཡོང་བར་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུ་ཡིན་པའི་སྐོར་གསུངས་ཡོད།དེ་རྗེས་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་སྐུ་ཞབས་པེག་ས་མཆོག་ལ་ཐུགས་རྗེ་ཞུས་པ་དང་འབྲེལ། དེ་སྔ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་སྐུ་ཞབས་ཝག་ལེབ་ཧ་བེལ་ (Vaclav Havel)མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་ཀྱི་སྐུ་མགྲོན་དུ་གདན་འདྲེན་ཞུས་པའི་སྐོར་དང་། ཁོང་ཚོས་ཨུ་རུ་སུའི་དབང་སྒྱུར་འོག་འཐབ་རྩོད་གནང་སྟེ་མཐར་རང་བཙན་ཐོབ་པ་ནི་བོད་མི་རྣམས་ལ་མཚོན་ན་སེམས་ཤུགས་ཆེན་པོ་ཐེབས་ཡོད་པའི་སྐོར་དང་། ཨ་རི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་གྱི་ཁྲིམས་དང་། ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས་གནང་བ་སོགས་ཀྱི་སྐོར་གསུངས་ཡོད།རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་སྲིད་བྱུས་ངེས་སྟོན་པ་སྐུ་ཞབས་ཝིན་སེན་ཊི་མེ་ཊེན་ (Mr. Vincent Metten) ལགས་དང་སྦེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཕུར་བུ་དོན་གྲུབ་ལགས་ཀྱིས་སྐུ་མགྲོན་རྣམ་པ་དང་། གསུམ་བཅུའི་དུས་དྲན་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད།
ཐེངས་འདིའི་གསུམ་བཅུའི་དུས་དྲན་མཛད་སྒོ་ནི་སྦེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རླུང་རྟ། སྦེལ་ཇམ་བོད་རིགས་སྤྱི་མཐུན་ཚོགས་པ་བཅས་མཉམ་རུབ་ཐོག་གོ་སྒྲིག་ཞུས་ཡོད་པ་དང་། མཉམ་ཞུགས་པ་ཡོངས་ནས་ས་གནས་ཉེན་རྟོག་པའི་ལམ་སྟོན་གཞིར་བཟུང་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྒྲིག་གཞི་ཁག་ལ་བརྩི་སྲུང་ནན་པོ་ཞུས་ཡོད་པ་དང་། ཉེན་རྟོག་པས་ཞི་བའི་ངོ་རྒོལ་ནང་མི་གྲངས་ ༡༠༠ ལྷག་མཉམ་ཞུགས་མི་ཆོག་པའི་ལམ་སྟོན་གནང་ཡོད་པ་བཅས། །