ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༢ རེས་གཟའ་པ་སངས།
༄༅། །བོད་ཀྱི་བུད་མེད་ཉིན་མོར་བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་བུད་མེད་ནུས་སྟོབས་གོང་སྤེལ་ཚན་པའི་གོ་སྒྲིག་འོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་ནང་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་དང་འབྲེལ་ཏོག་དབྱིབས་གཉེན་རིམས་སྐབས་བུད་མེད་འགོ་ཁྲིད་ནུས་པས་འདྲ་མཉམ་གྱིས་དམིགས་ཡུལ་སྒྲུབ་པ་ (Women in Leadership: Achieving an Equal future in a COVID19 world) ཞེས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་ལས་རིམ་ཞིག་གོ་སྒྲིག་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༢ རེས་གཟའ་པ་སངས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་སྲིད་སྐྱོང་ཚོགས་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་བཀའ་བློན་རྣམ་པ་དང་། དབུས་འོས་བསྡུ་ལས་ཁང་གི་འགན་འཛིན། བཀའ་དྲུང་གཙོས་པའི་ལྷན་ཁང་ཁག་གི་དྲུང་ཆེ་དང་དྲུང་འཕར། དེ་བཞིན་བུད་མེད་ལ་རྩུབ་སྤྱོད་དང་བརྙས་གཙེར་སོགས་འགོག་ཐབས་སུ་ལས་ཁུངས་ནང་ཁུལ་ཚོགས་ཆུང་ཟུར་འཛུགས་ཡོད་པ་ཚོགས་མི་ལས་བྱེད་བཅས་ཚང་འཛོམས་ཐོག་དཔལ་འབྱོར་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཚེ་བརྟན་ལགས་ཀྱིས་དེ་རིང་གི་ཉིན་མོའི་བརྗོད་གཞི་དང་འབྲེལ་བའི་ཐོག་སྒྲོག་སྦྱང་གནང་དོན། བོད་ཀྱི་བུད་མེད་ཉིན་མོར་ཚང་མ་ལ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ། དེ་རིང་གི་ཉིན་མོ་འདི་སྲུང་བརྩིའི་ཐོག་ད་བར་གྱི་འཕེལ་རིམ་ལ་ཕྱིར་བལྟ་དང་། བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གི་དགོས་འདུན་བཏོན་གྱི་ཡོད་ལ། བུད་མེད་དཀྱུས་མ་ཚོས་རང་ཉིད་ཀྱི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་སྙིང་སྟོབས་དང་ལྷག་བསམ་ལྡན་པའི་རླབས་ཆེན་གྱི་བྱ་བ་སྒྲུབ་གནང་བར་ཡི་རངས་ཞུ་གི་ཡོད། འཛམ་གླིང་ནང་གི་བུད་མེད་ཡོངས་ནས་བུད་མེད་ལ་དྲག་སྤྱོད་མེད་ཞིང་ལྟ་ཚུལ་ངན་པ་མེད་པ་དང་། ཞི་བདེ་ལྡན་ཞིང་ཐོབ་ཐང་དང་གོ་སྐབས་འདྲ་མཉམ་ལྡན་པའི་མ་འོངས་ཤིག་ཡོང་བའི་རེ་འདུན་བྱེད་ཀྱི་ཡོད་ལ་དེ་ལྟར་ འོས་ཤིང་འཚམས་པ་ཡང་རེད། དེ་ལྟ་བུའི་མ་འོངས་པའི་དུས་ཤིག་བསྐྲུན་པར་གནད་དོན་ཐག་གཅོད་བྱ་རྒྱུའི་བརྒྱུད་རིམ་ནང་བུད་མེད་ཀྱི་ཆ་ཤས་འདྲ་མཉམ་ངེས་པར་དུ་དགོས་པ་ཡིན། གཉེན་རིམས་འདིར་འཕྲལ་ཕུགས་གཉིས་ཀར་གདོང་ལེན་ཚུལ་ལྡན་ཞིག་བྱེད་ཆེད་སྲིད་བྱུས་གཏན་འབེབས་དང་ལག་བསྟར་ཐོག་རྒྱབ་ལྗོངས་མི་འདྲ་བའི་བུད་མེད་དང་ན་ཆུང་བུ་མོ་ཚོའི་ལྟ་ཚུལ་ཁག་མཉམ་སྤུངས་དགོས་པ་ཡིན།
ཕྱི་ལོ་ ༢༠༢༠ ལོའི་འགོ་སྟོད་དུ་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནས་ཏོག་དབྱིབས་གཉེན་རིམས་ ༡༩ ཁྱབ་བརྡལ་གྱི་གསལ་བསྒྲགས་དང་སྦྲགས། རྒྱལ་སྤྱིའི་འཕྲོད་བསྟེན་གྱི་གནས་བབས་དེ་བཞིན་ཛ་དྲག་ཞིག་ཏུ་ངོས་འཛིན་གནང་ཡོད་པ་རེད། དེ་ནི་ལོ་བཅུ་ཕྲག་རྗེས་ཀྱི་གཉན་རིམས་ཁྱབ་བརྡལ་འགྲོ་བ་ཞིག་ཆགས་ཀྱི་ཡོད། གཉེན་རིམས་འདིས་རྐྱེན་པའི་མི་ས་ཡ་མང་པོའི་ཚེ་སྲོག་ཤོར་བ་དང་། མི་ས་ཡ་མང་པོའི་མི་ཚེར་དོ་ཕོག་ཆེན་པོ་བྱུང་ཡོད། གཉེན་རིམས་འདིས་ང་ཚོ་ཚང་མས་འགྲོ་སྟངས་འགྲོ་ལུགས་དང་། ཕྱག་ལས་གནང་ཕྱོགས། དེ་བཞིན་རང་རང་སོ་སོའི་གལ་ཆེར་འཛིན་པའི་རིན་ཐང་དང་འགྲོ་བ་མི་སྤྱིར་འདྲི་རྩད་ཆེན་པོ་ཞིག་དང་། རྒྱལ་སྤྱི་ཁྱོན་ཡོངས་ལ་དོ་ཕོག་ཆེན་པོ་བྱུང་ཡོད་པ་རེད། ཏོག་དབྱིབས་གཉེན་རིམས་འདིས་ང་ཚོའི་དེ་སྔ་ངོ་ཤེས་པའི་འཛམ་གླིང་དེ་ཟླ་བ་ཁ་ཤས་ནང་འགྱུར་བ་བཏང་བ་མ་ཟད། ད་བར་འཛམ་གླིང་མི་མང་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་གྲས་ཤིག་ཡིན་པ་རེད།
འདི་ལོའི་རྒྱལ་སྤྱིའི་བུད་མེད་ཉིན་མོའི་བརྗོད་གཞི་ནི་༼ ཏོག་དབྱིབས་གཉེན་རིམས་སྐབས་བུད་མེད་འགོ་ཁྲིད་ནུས་པས་འདྲ་མཉམ་གྱིས་དམིགས་ཡུལ་སྒྲུབ་པ། ༽ (Women in Leadership: Achieving an Equal future in a COVID19 world) ཞེས་འཛམ་གླིང་ས་ཕྱོགས་གང་སར་མི་ཚོ་ཏོག་དབྱིབས་གཉེན་རིམས་ལས་གསོ་ཐབས་དང་། འདྲ་མཉམ་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐབས་སུ་བུད་མེད་ཚོས་འབད་བརྩོན་ཧུར་ཐག་གནང་དང་གནང་མུས་ལ་ངོས་འཛིན་ཞུ་བཞིན་ཡོད། མ་ཟད་ཐེངས་འདིའི་བརྗོད་གཞི་འདི་བཞིན་མི་རབས་ཚང་མས་གཅིག་གྲགས་བྱེད་བཞིན་པའི་༼མི་རབས་འདྲ་མཉམ། “Generation Equality” ༽ཞེས་པའི་དགོས་འདུན་དང་མཐུན་ཞིང་། བུད་མེད་ཚོར་རང་ཉིད་ཀྱི་མི་ཚེའི་ནང་གི་གནད་དོན་གང་ཅིའི་ཐོག་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་དང་། གླ་ཕོགས་འདྲ་མཉམ། གླ་ཕོགས་མེད་པའི་ནང་ལས་སོགས་འདྲ་མཉམ་གྱི་ཆ་བགོས། བུད་མེད་དང་ན་ཆུང་བུ་མོ་ཚོར་གང་ཅིའི་ཐད་དྲག་སྤྱོད་མཚམས་འཇོག་དང་། ཁོང་ཚོར་འཕྲོད་བསྟེན་དང་འབྲེལ་བའི་དགོས་ངེས་མཐུན་འགྱུར་སྦྱོར་རྒྱུའི་དགོས་འདུན་བཏོན་གྱི་ཡོད།
ཏོག་དབྱིབས་གཉེན་རིམས་ ༡༩ འི་ཁྱབ་བརྡལ་འགོག་ཐབས་དང་། ནད་གཞི་འདི་ལས་གསོ་ཐབས་ཀྱི་ལས་དོན་གྱི་ལས་རིགས་འདྲ་མིན་ཐོག་ལ་བཞུགས་པའི་བུད་མེད་ཚོས་སྣེ་ཁྲིད་ཀྱི་གཙོས་པའི་གཞི་རྒྱ་ཆེ་བའི་ཆ་ཤས་ལེན་ཡོད། བུད་མེད་ཀྱི་འགོ་ཁྲིད་པའི་རྒྱལ་ཁབ་ཁག་གི་ནང་གཉེན་རིམས་དེ་ཁྱབ་བརྡལ་འགོག་ཐབས་ཐད་ཟེངས་སུ་ཐོན་པའི་ལས་དོན་གནང་ཡོད་པ་རེད། ཏོག་དབྱིབས་གཉེན་རིམས་ ༡༩ པར་མདུན་དུ་ཐོན་ཏེ་གདོང་ལེན་གནང་མཁན་ཚན་རིག་པ་དང་། སྨན་པ། སྨན་ཞབས་པ་སོགས་འཕྲོད་བསྟེན་ལས་བྱེད་པའི་ཁོངས་སུ་བུད་མེད་མང་དག་ཞིག་བྱུང་ཡོད་པ་མ་ཟད། ཏོག་དབྱིབས་གཉེན་རིམས་ ༡༩ པར་གཟེངས་སུ་ཐོན་པའི་གདོང་ལེན་གནང་བའི་ལས་གཞི་ཁག་གཅིག་བུད་མེད་ཀྱིས་སྣེ་ཁྲིད་པ་ཆགས་ཀྱི་ཡོད།
དེ་རིང་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་དང་སྦྲགས། གཉན་འཕྲང་ཆེ་བའི་དུས་སྐབས་འདིར་ང་རང་ཚོ་བོད་པའི་བུད་མེད་ཚོས་སྤྱི་ཚོགས་བདེ་འཇགས་ཀྱི་ལས་དོན་ཆེད་འགན་འཁུར་ཆེན་པོ་བཞེས་ཡོད་པ་དེ་དག་རྗེས་དྲན་ཞུ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ནང་། ཏོག་དབྱིབས་གཉེན་རིམས་ལས་དོན་ཚོགས་ཆུང་ཁྱབ་ཁོངས་སུ་དྭང་བླངས་ཞབས་ཞུ་བ་དང་། ཆོད་གན་ལས་བྱེད་པ་བརྒྱ་ཆ་ ༨༠ ཡས་མས་ཤིག་བུད་མེད་ཤ་སྟག་ཡིན་པ་མ་ཟད། བུད་མེད་ཀྱིས་སྣེ་ཁྲིད་པའི་ཚོགས་སྡེ་ཁག་གིས་སྤྱི་ཚོགས་ནང་ཟས་གོས་ཀྱི་མཐུན་རྐྱེན་གཙོས་པའི་དཔལ་འབྱོར་གྱི་མཐུན་འགྱུར་སྦྱར་བ་དང་། མང་ཚོགས་ཀྱིས་ལོངས་སུ་སྤྱོད་པའི་ས་ཚིགས་ཁག་ལ་འབུ་སྨན་གཏོར་རྒྱུའི་མཚོན་པའི་གཙང་བཟོའི་ལས་དོན་གནང་བ། དེ་བཞིན་མི་རབས་བགྲས་པ་ཚོར་དམིགས་བསལ་ལྟ་སྐྱོང་སོགས་ཀྱི་ལམ་ནས་རྒྱབ་སྐྱོར་དང་སྲུང་སྐྱོབ་གང་ལེགས་གནང་ཐུབ་པ་བྱུང་ཡོད། བུད་མེད་ཚོས་དུས་ཚོད་དཀའ་ལས་ཁག་པོ་འདི་སྐབས། རང་ཉིད་ཀྱི་ཉམས་མྱོང་མི་འདྲ་བ་མཐའ་དག་དང་། གནས་སྟངས་ལ་ལྟ་ཚུལ་མི་འདྲ་བ་ཁག དེ་བཞིན་རིག་རྩལ་མི་འདྲ་བ་སོགས་ཉམས་སྤུངས་གནང་བ་བརྒྱུད། ཨ་མ་དང་ཆུང་མ། དེ་བཞིན་ཁྱིམ་ཚང་གི་ཕྱིར་ཕྱག་ལས་གནང་མཁན་སོགས་ལས་འགན་དེ་དག་ཆ་ཚང་བ་སྒྲུབ་ཐུབ་པ་བྱ་རྒྱུའི་ནུས་ཡོད་པ་བཏོན་ཡོད། འཛམ་གླིང་གི་ས་ཕྱོགས་གང་སར་དྲང་བདེན་དང་འདྲ་མཉམ་གྱི་སྤྱི་ཚོགས་བསྐྲུན་རྒྱུ་དང་། གོ་ལའི་གནམ་གཤིས་འགྱུར་ལྡོག་ཐོག་གོ་རྟོགས་སྤེལ་རྒྱུ་སོགས་ཀྱི་ལས་འགུལ་མང་དག་ཞིག་དྲ་རྒྱ་དང་སྲང་ལམ་ཁག་གི་ཐོག་བུད་མེད་གཞོན་སྐྱེས་ཀྱིས་སྣེ་ཁྲིད་ཡོད་པ་རེད།
རྒྱལ་སྤྱི་བུད་མེད་ཉིན་མོར་མཉམ་འབྲེལ་བུད་མེད་ལྷན་ཚོགས་ཀྱི་གསུང་བཤད་ནང་གནད་དོན་གང་འདྲ་ཞིག་ཡིན་རུང་ཐག་གཅོད་བྱ་རྒྱུའི་བརྒྱུད་རིམ་ནང་བུད་མེད་ཀྱི་ཆ་ཤས་ནི་ད་དུང་ཡང་ཉུང་ཉུང་ལས་མེད། གཞུང་འཛིན་པ་བུད་མེད་ཡིན་པའི་རྒྱལ་ཁབ་ ༢༡ ལས་མེད་པ་མ་ཟད། རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་གྲངས་འབོར་ནང་་བུད་མེད་ཀྱི་བརྒྱ་ཆ་ ༢༥ མ་གཏོགས་མེད། ས་གནས་ཁག་གཅིག་ནང་དུས་ད་ལྟའང་སྐྱེས་པ་ཚོ་ལས་བུད་མེད་ཚོར་གླ་ཕོགས་ཉུང་བ་རགས་ཀྱི་ཡོད། མ་ཟད་གཉེན་རིམས་འདིས་རྐྱེན་པའི་ད་ཡོད་སྤྱི་ཚོགས་ནང་འདྲ་མཉམ་མེད་པའི་གནས་སྟངས་དེ་བཞིན་ཟབ་ཏུ་དང་ཛ་དྲག་ཏུ་ཕྱིན་ཡོད། གཉེན་རིམས་འདིར་གདོང་ལེན་གྱི་ལས་དོན་ཐོག་བུད་མེད་མང་བ་ཐོན་ཡོད་ཀྱང་། རྒྱལ་དང་རྒྱལ་སྤྱིའི་ཏོག་དབྱིབས་གཉེན་རིམས་ ༡༩ དང་འབྲེལ་བའི་སྲིད་བྱུས་ཐོག་བུད་མེད་ཀྱི་ངོ་ཚབ་འདྲ་མཉམ་མེད། ལྷག་པར་དུ་བུད་མེད་ཚོར་གདོང་ལེན་གནང་དགོས་པའི་གནད་དོན་གསར་པ་ཁག་གཅིག་ཐོན་ཡོད། གཉེན་རིམས་འདི་དང་མཉམ་དུ་འཛམ་གླིང་ས་ཕྱོགས་གང་སར་བུད་མེད་དང་ན་ཆུང་བུ་མོ་ཚོར་དྲག་སྤྱོད་བྱེད་པའི་གནད་དོན་གྱི་གཙོས། ཁྱིམ་ཚང་ནང་དྲག་སྤྱོད་དང་ལས་མེད་དང་དབུལ་ཕོངས་ཀྱི་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་ཡང་གཉེན་རིམས་ལྟ་བུ་ཞིག་ཆགས་ཡོད། འཛམ་གླིང་ནང་ད་བར་བྱུང་མྱོང་མེད་པའི་ཡར་རྒྱས་རིམ་པ་འགྲོ་བཞིན་ཡོད་ཀྱང་། ད་བར་ཕོ་མོ་འདྲ་མཉམ་ཅན་གྱི་རྒྱལ་ཁབ་གཅིག་ཀྱང་ཐོན་ཐུབ་མེད་པ་རེད། ད་དུང་ཡང་བུད་མེད་གསུམ་ནས་བུད་མེད་གཅིག་ལ་ཕོ་མོ་དབྱེ་འབྱེད་ཀྱི་རྩུབ་སྤྱོད་བྱུང་གི་ཡོད། ང་ཚོ་ཚང་མའི་མཁྱེན་དགོས་པ་ཞིག་ལ་འགྲུལ་བསྐྱོད་བཀག་བསྡོམས་དང་སྒོ་རྒྱ་བདམས་པ་སོགས་ཏོག་དབྱིབས་གཉན་རིམས་ཁྱབ་བརྡལ་ཚོད་འཛིན་གྱི་ལམ་སྟོན་ཁག་གཅིག་གིས་བུད་མེད་ཚོར་ཉེན་ཁ་ཆེ་བ་བྱུང་བ་དེ་འདྲ་ཡང་བྱུང་ཡོད། གང་ལ་ཞུ་ན། བུད་མེད་མང་པོ་ཞིག་དྲག་སྤྱོད་བྱེད་མཁན་དང་མཉམ་དུ་དུས་ཡུན་རིང་པོ་ཞིག་འཁར་ཏེ་ལུས་ཀྱི་ཡོད། སྦྲུམ་མ་དང་ཕྲུ་གུ་བརྩས་རྒྱུ་ཙམ་མ་ཡིན་པར་བུད་མེད་ཀྱི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་མང་པོ་ཞིག་བརྡབ་གསིག་ཕྱིན་པའི་རྐྱེན་གྱིས་དཀའ་ངལ་མང་དག་ཞིག་འཕྲད་ཡོད། ལས་འབུད་བཏང་བ་དང་ལས་མི་ཉུང་རུ་བཏང་བ་སོགས་ཀྱི་རྐྱེན་པའི་བུད་མེད་མང་པོའི་གླ་ཕོགས་ཉུང་རུ་ཕྱིན་པ་དང་གསོག་དངུལ་ཉུང་རུ་ཕྱིན་པ། དེ་བཞིན་ལས་ཀ་གཏན་པོ་མེད་པ་ཆགས་པ་སོགས་དཔལ་འབྱོར་ཐོག་གྱོང་གུན་ཆེན་པོ་ཕོག་བཅས་སེམས་ཚབ་ཆེན་པོ་དང་གལ་ཆེ་བརྩིས་ཏེ་གསུངས་ཡོད། འདི་ག་ཚན་པ་ནས་རོགས་འབོད་འབྲེལ་མལ་བརྒྱུད་གོང་འཁོད་དཀའ་ངལ་ཕྲལ་རིགས་ལ་རོགས་སྐྱོར་དང་ལམ་སྟོན། དེ་བཞིན་དཀའ་ངལ་སེལ་ཐབས་སུ་ཞབས་ཞུ་ཞུས་དང་ཞུས་མུན་ཡིན། ཕྱི་ལོ་ ༢༠༢༡ ལོ་འདི་བཞིན་ས་ཕྱོགས་གང་སར་གནས་པའི་བུད་མེད་དང་ན་ཆུང་བུ་མོ་ཚོའི་ཆེད་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རྒྱུ་དང་ལོ་འདི་དོན་ཕན་ལྡན་པ་ཞིག་ཡོང་རྒྱུར་ཚང་མས་འབད་བརྩོན་གང་འོས་གནང་རོགས། ཞེས་གསུངས།
དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། ཐོག་མར་དེ་རིང་སྟེ་བོད་ཀྱི་བུད་མེད་ཉིན་མོ་སྲུང་བརྩི་མཛད་སྒོར་ཕེབས་པའི་ཡོངས་ངས་བཀའ་ཤག་གི་ཚབ་ཞུས་ཏེ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བུད་མེད་ནུས་སྟོབས་་གོང་འཕེལ་ཡོང་སླད་ལོ་ལྟར་ང་ཚོས་ཉིན་མོ་འདི་བཞིན་སྲུང་བརྩི་ཞུས་ཀྱི་ཡོད། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་ཁོངས་སུ་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པ་ཞིག་ཡོད། ཚན་པ་དེས་བུད་མེད་ནུས་སྟོབས་གོང་འཕེལ་དང་འབྲེལ་བའི་ཐོག་ད་བར་ཕྱག་ལས་ཧུར་ཐག་གནང་བ་མ་ཟད། ཚན་པར་བསྔགས་བརྗོད་ཡོད། ལོ་རེར་བུད་མེད་ནུས་གོང་འཕེལ་ཐོག་གྲོས་བསྡུར་བྱེད་ཡོང་སྐབས་རང་བཞིན་གྱི་དེའི་ཐད་གོ་རྟོགས་རྒྱ་ཆེ་ཡོང་གི་ཡོད། བཙན་བྱོལ་བོད་མིའི་གཞིས་ཚགས་ཁག་ནང་འང་བུད་མེད་ནུས་སྟོབས་དང་འབྲེལ་བའི་གོ་རྟོགས་ཡོང་བར་བརྟེན་ཡར་རྒྱས་ཕྱིན་པ་གསལ་པོ་རེད། ད་ལན་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པས་བོད་མིའི་སྒྲིག་འཛུགས་ལས་ཁུངས་ཁག་གི་དྲུང་ཆེ་དབུ་བཞུགས་ཐོག་སྲི་ཞུ་ལས་བྱེད་ཚང་མར་བོད་པའི་སྤྱི་ཚོགས་ནང་བུད་མེད་གཙོ་བོར་གྱུར་པའི་ཕོ་མོ་ཡོངས་ལ་ཆགས་སྲེད་རྩུབ་སྤྱོད་རིགས་འགོག་ཐབས་སྐོར་ཟབ་སྦྱོང་ཕུལ་ཡོད། ཟབ་སྦྱོང་དེ་བཞིན་ལས་ཁུངས་ཁག་ཁག་གནང་ཡོད་པ་དང་སྤུས་དག་པོ་གནང་ཡོད། སྔོན་རྩིས་ཐོག་ལའང་བུད་མེད་ནུས་སྟོབས་དང་འབྲེལ་བའི་དམིགས་བསལ་གྱི་ལས་གཞི་ཁག་སྤེལ་དགོས་ཚེ་རྩིས་འགོ་བརྟོལ་ཏེ་བཀའ་འཁྲོལ་གནང་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ལས་འཆར་མང་ཙམ་སྤེལ་བའི་ཐོག་ནས་འཛིན་སྐྱོང་གི་འགྲོ་སོང་དེ་སྤར་དགོས་སྐོར་ངས་ཁོང་རྣམ་པར་ཞུ་རྒྱུ་བྱུང་། སྐབས་དེར་ཁོང་རྣམ་པས་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པའི་ལས་འཆར་མང་པོ་ཞིག་བྱུང་མི་ཐུབ། ཞེས་ལན་གནང་སོང་། བཀའ་ཤག་ནས་ལམ་སྟོན་གནང་གི་ཡོད།
ཐེངས་འདིར་བརྗོད་གཞི་ནི་ཏོག་དབྱིབས་གཉེན་རིམས་སྐབས་བུད་མེད་འགོ་ཁྲིད་ནུས་པས་འདྲ་མཉམ་གྱིས་དམིགས་ཡུལ་སྒྲུབ་པ་ཅེས་རེད། དེའི་ཐོག་གོང་དུ་བུད་མེད་ནུས་སྟོབས་ཚན་པའི་འབྲེལ་ཡོད་ལས་བྱེད་ནས་བཤད་ཟིན་སྟབས་བཤད་རྒྱུ་གང་ཡང་ལྷག་མ་སོང་། ནད་ཡམས་ཀྱི་དུས་འདིར་བུད་མེད་འགོ་ཁྲིད་དང་བུད་མེད་ལས་བྱེད་རྣམས་ནས་ཕྱག་ལས་བཟང་བ་གནང་ཐུབ་ཀྱི་ཡོད་ཅེས་ཞུ་ཚེ་ཞུས་ཆོག་པ་ཞིག་ཡིན། དེ་བཤད་པ་མ་ཟད་ཁུངས་སྐྱེལ་ར་སྤྲོད་བྱེད་རྒྱུ་ཡོད། དཔེར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་དང་རྣམ་པ་ཀུན་དུ་བྱམས་སྙིང་རྗེ་དང་བརྩེ་བ་ཞེས་པ་ཨ་མར་མང་བ་ཡོང་གི་ཡོད། པ་ལགས་ལས་ཨ་མར་མང་བ་ཡོད། ཕལ་ཆེར་བདེན་པ་རེད། ནད་ཡམས་དུས་སྐབས་སྤྱི་དང་། ལྷག་པར་འགོ་ཁྲིད་སྐྱེད་སྲེང་ཐོག་བུད་མེད་ཀྱིས་ལས་དོན་བཟང་བ་བྱེད་ཐུབ། ཞེས་མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་ཕེབས་ཀྱ་ཡོད།
ཏོག་བྱིབས་གཉན་རིམས་ཀྱི་ཛ་དྲག་དུས་སྐབས་སུ་འཛམ་གླིང་གི་རྒྱལ་ཁབ་ནང་ནས་ནད་ཡམས་ཐོག་གདོང་ལེན་བྱེད་ཕྱོགས་ཚགས་ཚུད་ཤོས་ཀྱི་རྒྱལ་ཁབ་དེ་དག་གི་འགོ་ཁྲིད་ནི་བུད་མེད་ཆགས་ཀྱི་ཡོད། དཔེར་ན། ནིའུ་ཛི་ལེནྜིེ་དང་། ཐེ་ཝན། འཇར་མན་ལ་སོགས་ནས་གདོང་ལེན་ཧ་ཅང་ཡག་པོ་བྱེད་ཐུབ་ཡོད། དེ་དག་གི་སྲིད་བློན་ཆ་ཚང་བུད་མེད་ཅིག་ཡིན། ནད་ཡམས་ཀྱི་དུས་འདིར་བུད་མེད་འགོ་ཁྲིད་རྣམས་ནས་གདོང་ལེན་ཧ་ཅང་ཡག་པོ་གནང་ཡོད།
ང་ཚོ་བོད་པའི་སྤྱི་ཚོགས་མཚོན་ན། འགན་གཙོ་བོ་འཁྱེར་མཁན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཆགས་ཀྱི་ཡོད། འཕྲོདབསྟེན་ལས་ཁུངས་ཀྱི་ལས་བྱེད་བརྒྱ་ཆ་ ༧༡ བུད་མེད་ཆགས་ཀྱི་ཡོད། ད་ལན་རང་བཙན་ཡོད་མཁན་རྒྱལ་ཁབ་ལས་ལྷག་པ་མེད་ནའང་འདྲ་མཉམ་ཞིག་བོད་མིིའི་སྒྲིག་འཛུགས་ནས་བྱེད་ཐུབ་ཡོད། ནད་ཡམས་དེར་གདོང་ལེན་བྱེད་ཐུབ་ཡོད་ཅེས་ཡོངས་གྲགས་བསྔགས་བརྗོད་གནང་གི་ཡོད། གཞི་རྩའི་བཀའ་བློན་སྐྱེས་པ་རེད། འོན་ཀྱང་ལས་བྱེད་མང་བ་བུད་མེད་རེད། ནད་ཡམས་དུས་དེར་འཕྲོད་བསྟེན་ལས་ཁུངས་ཀྱི་ལས་བྱེད་དང་དམིགས་བསལ་བུད་མེད་ལས་བྱེད་རྣམས་ཀྱི་འགན་འཁུར་རྐང་བཞེས་པའི་ཕྱག་ལས་གནང་སྟེ་ནད་ཡམས་གདོང་ལེན་གནང་དང་གནང་མུས་ཡོད། ནད་མནར་བཞིན་པའི་གང་ཟག་ལ་ཁ་པར་བརྒྱུད་སློབ་གསོ་གནང་མཁན་ཕལ་ཆེ་བར་ལས་བྱེད་བུད་མེད་ཡིན། ད་ཆ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ལ་བུད་མེད་དྲུང་ཆེ་ ༤ དང་དྲུང་འཕར་ ༡༣ ། ཟུང་དྲུང་། ༡༣ དྲུང་གཞོན། ༡༨ དྲུང་ལས། ༣༨ བཅས་འདུག བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཆེ་བ་ནང་སྲིད་དཔལ་འབྱོར། དྲིལ་བསྒྲགས། ལས་བྱེད་འདེམས་ལྷན་བཅས་ཀྱི་དྲུང་ཆེ་རྣམས་བུད་མེད་ཡིན། བཀའ་བློན་མཚོན་ན། ཤེས་རིག་བཀའ་བློན་ནི་ཤེས་འཇོན་ལྷག་བསམ་མཆོག་ཏུ་གྱུར་བ་ཞིག་ཡིན།
ངས་སླར་ཡང་དཔལ་འབྱོར་བུད་མེད་ནུས་སྟོབས་གོང་འཕེལ་ཚན་པའི་འབྲེལ་ཡོད་ལས་བྱེད་ནས་ལས་དོན་ཧུར་ཐག་གནང་བར་བསྔགས་བརྗོད་ཞུ་གི་ཡོད། ཅེས་གསུངས།
དེ་ནས་ལ་སླེ་ས་གནས་འཕྲོད་བསྟེན་སྨན་ཁང་གི་སྨན་པ་ཡེ་ཤེས་ལགས་ཀྱིས་ནད་ཡམས་སྐབས་གདོང་ལེན་ཇི་ལྟར་གནང་སྐོར་གྱི་མྱོང་ཚོར་དང་དཔེ་སྟོན་སློབ་གྲྭའི་སྔོན་འགྲོའི་དགེ་རྒན་མཛེས་སེ་ལགས་ཀྱིས་ནད་ཡམས་སྐབས་སློབ་འཁྲིད་བྱེད་ཆོག་ཅེས་ཀྱི་མྱོང་ཚོར་གསུངས་ཡོད།
འདི་གའི་ལས་གཞིའོ་འོག་ཡོད་པའི་སྦིར་སུ་ཇ་སློབ་གྲྭ་དང་མ་སུ་རི་བོད་ཁྱིམ། སྦེལ་ཀོབ། སློབ་གྲྭའི་སློབ་མ་ནང་ཁུལ་བུད་མེད་ནུས་སྟོབས་དང་འབྲེལ་བའི་སྙན་རྩོམ་འགྲན་བསྡུར་བགྱིས་པའི་བྱ་དགའ་ཨང་དང་པོ་ཐོབ་མཁན་སློབ་མའི་སྙན་རྩོམ་འདི་དཔེ་སྟོན་སློབ་གྲྭའི་སློབ་མ་བསྟན་འཛིན་ལྷ་སྐྱིད་ལགས་ཀྱིས་སྒྲོག་སྦྱང་གནང་གྲུབ་བསྟུན་གོང་གསལ་བརྗོད་གཞི་དང་འབྲེལ་བའི་བརྙན་ཐུང་གཟིགས་འབུལ་ཞུས་ཡོད།
མཐར་བུད་མེད་ནུས་སྟོབས་ཚན་པས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་གྲོལ་བ་བཅས། །