ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༨ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༤ རེས་གཟའ་ཕུར་བུ་ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མེ་ཀུ་ལ་སི་པག་ས་ (Mikulas Peksa) མཆོག་གི་གཙོ་སྐྱོང་འོག་དྲ་རྒྱ་བརྒྱུད་བར་ལམ་གྱི་བོད་དང་འབྲེལ་བའི་འགྱུར་འགྲོས་ལ་ཡུ་རོབ་ཀྱི་ལྟ་ཚུལ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད།
སྐབས་དེར་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་མེ་རི་འམ་ལེག་སི་མན་ (Miriam Lexmann) མཆོག་དང་སྦེལ་ཇམ་གྲོས་ཚོགས་འཐུས་མི་སམ་མུལ་ཁོ་གོ་ལ་ཊི་ (Samuel Cogolati) མཆོག ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཚོགས་འཐུས་མི་ཧྥི་རན་སི་སི་ཁོ་ (Francisco Guerreiro) མཆོག དེ་བཞིན་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་བཅས་མཉམ་ཞུགས་གནང་ཡོད་པ་དང་བགྲོ་གླེང་གི་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་བསྐྱར་ཞིབ་ཀྱི་བརྙན་ཐུང་འདོན་སྤེལ་གནང་བ་དེ་ཉིད་གཟིགས་འབུལ་ཞུས་ཡོད།
སྐབས་དེར་སྦར་སིལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་ཨ་རིའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་སོགས་ངོ་སྤྲོད་དང་། ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པས་གཙོས་ཡུ་རོབ་གྲོས་ཚོགས་དང་རྒྱལ་སྤྱིའི་ཁྱོན་ཡོངས་ནས་བོད་དོན་ཐད་ལངས་ཕྱོགས་བརྟན་པོ་ཞིག་འཛིན་དགོས་པའི་འབོད་སྐུལ་གནང་ཡོད།
དེ་ནས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་མེ་རི་འམ་ལེག་སི་མན་མཆོག་གིས་རྒྱ་ནག་གཞུང་གིས་གཞི་རྒྱ་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་སེམས་འཚབ་ཀྱི་རྣམ་པ་ཤུགས་ཆེ་བཏོན་པ་དང་འབྲེལ། ཡོ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་དང་ལྷན་འབྲེལ་བ་བྱུང་བའི་སྐབས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་དོ་སྣང་དང་སྲུང་སྐྱོབ་བྱ་རྒྱུའི་ལས་འགན་ཆགས་ཀྱི་ཡོད་པ་མ་ཟད། ཡོ་རོབ་མཐུན་ཚོགས་ནང་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་སྐོར་ངོ་སྤྲོད་གནང་དགོས་ཀྱི་ཡོད་སྐོར་གསུངས།
སྦེལ་ཇམ་གྲོས་ཚོགས་འཐུས་མི་སམ་མུལ་ཁོ་གོ་ལ་ཊི་མཆོག་གིས། རྒྱ་ནག་གཞུང་གིས་རྡུང་རྡེག་མནར་གཅོད་འོག་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་འདས་གྲོངས་སུ་གྱུར་བ་དང་། ཕྱོགས་མཚུངས་ཉེ་ཆར་བོད་མི་དཀོན་མཆོན་སྦྱིན་པ་ལགས་དང་། ལྷ་མོ་ལགས་སོགས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་བྱུང་ཡོད། གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་གནད་དོན་དེ་རིགས་ངེས་པར་གླེང་སློང་བྱེད་དགོས་ཀྱི་ཡོད། སྦེལ་ཇམ་ནི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ནའང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད། ཡོ་རོབ་མཐུན་ཚོགས་ཀྱི་ཆོགས་མི་རྣམས་ནུས་པ་མཉམ་སྤུངས་ཀྱིས་བོད་ཀྱི་གནད་དོན་ཐད་རྒྱབ་སྐྱོར་ཤུགས་ཆེ་དགོས་པའི་རེ་འདུན་བཏོན་ཡོད། ཅེས་གསུངས།
གཞན་ཡང་གྲོས་ཚོགས་འཐུས་མི་ཚོས་བོད་དང་རྒྱ་ནག་ནང་གི་ཆོས་དད་རང་དབང་དང་། ཡུ་རོབ་སྤྱི་མཐུན་དང་རྒྱ་ནག་དབར་ཚོང་འབྲེལ་མ་འཇོག་གྲོས་མཐུན་དང་། བོད་ནང་ངལ་རྩོལ་བསྒྱུར་བཀོད་སོགས་ད་ལྟའི་གནས་སྟངས་ཐོག་ཡུ་རོབ་སྤྱི་མཐུན་ཚོགས་པས་ཇི་ལྟར་རོགས་པ་བྱེད་ཐུབ་མིན་གྱི་སྐོར་ལའང་གསུངས། །