ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡ དང་ ༢ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ཚོགས་ཁང་དུ་ཤེས་རིག་ཤེས་ཡོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བརྒྱད་པ་བསྐོང་ཚོགས་གནང་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ལྷན་ཚོགས་དབུ་འབྱེད་ཀྱི་མཛད་སྒོར་སྐུ་མགྲོན་གཙོ་བོ་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས། ཤེས་ཡོན་ཚན་པའི་འགན་འཛིན་ལས་ཚབ་རྣམ་རྒྱལ་ཡར་འཕེལ་ལགས། སཾ་བྷོ་ཊ་བོད་སློབ་སྤྱི་ཁྱབ་འགན་འཛིན་ཚེ་རིང་དོན་གྲུབ་ལགས། རྡ་ས་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་ངེས་སྟོན་པ་བསོད་ནམས་སྲི་གཅོད་ལགས། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། བལ་ཡུལ་གངས་ཅན་བདེ་རྩའི་ཤེས་ཡོན་འགན་འཛིན་བསྟན་འཛིན་རབ་རྒྱས་ལགས། ཤེས་ལྷན་འགན་འཛིན་བསོད་ནམས་བཟང་པོ་ལགས་བཅས་ཚང་འཛོམས་ཀྱིས་ཐོག་མར་ཤེས་ཡོན་ལྷན་ཚོགས་ཀྱི་འགན་འཛིན་བསོད་ནམས་བཟང་པོ་ལགས་ཀྱིས་ཕེབས་བསུ་དང་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་ཤེས་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། ངས་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བརྒྱད་པའི་གྲོས་གཞིའི་ཁག་ལ་ལྟ་སྐབས། གཏན་ཉིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམས་ཀྱི་ནུས་རྩལ་དང་ཤེས་ཚད་གོང་མཐོར་གཏོང་ཐབས་དང་། སློབ་གྲྭའི་འགོ་ཁྲིད་སྐྱེད་སྲིང་སླད་ཤེས་རིག་ལས་ཁུངས་དང་སློབ་སྡེ་ཁག་ནས་གནང་ཕྱོགས་ཇི་དགེ་སྐོར་དང་། གཞི་རིམ་འོག་མའི་སློབ་གྲྭ་ཁག་ལ་ཟློས་དགེ་དང་ལུས་རྩལ་དགེ་རྒན། བཟོ་རིག་དགེ་རྒན། རི་མོའི་དགེ་རྒན་བཅས་ཀྱི་མཐུན་རྐྱེན་བསྐྲུན་ཕྱོགས་ཇི་དགེའི་སྐོར་བཅས་བརྗོད་གཞི་གཙོ་བོ་དེ་དག་རེད་འདུག
ལྷན་ཚོགས་སྔ་མའི་ཐོག་ལའང་གོ་བསྡུར་རོབ་ཙམ་བྱུང་ཡོད། སློབ་གྲྭ་སོ་སོའི་དགེ་ཆེ་དང་སློབ་སྤྱི་རྣམས་ནི་ང་ཚོའི་ལུང་པ་ཞིག་གི་དཔོན་པོ་ལྟར་ཡིན། ལུང་པའི་དཔོན་པོ་བྱམས་སྙིང་རྗེ་དང་ཡོན་ཏན་ཡོད་མཁན་ཞིག་ཡིན་ན་རང་བཞིན་གྱིས་ལུང་པའི་ཡུལ་མི་ཡང་དེ་དེ་བཞིན་འགྱུར་འགྲོ་བ་དང་། ཕྱོགས་མཚུངས་ལུང་པ་དེ་ཡར་རྒྱས་འགྲོ་ཡི་ཡོད་པར་བརྟེན་སློབ་གྲྭའི་སློབ་སྤྱི་དང་དགེ་ཆེ་རྣམས་ཧ་ཅང་གལ་ཆེན་པོ་ཡིན། སློབ་གྲྭའི་འགོ་ཁྲིད་སྐྱེད་སྲིང་སླད་ཤེས་རིག་ལས་ཁུངས་དང་སློབ་སྡེ་ཁག་ནས་གནང་ཕྱོགས་ཟེར་དུས་ཤེས་ཡོན་གྱི་དོན་དག་དེའི་ནང་སླེབ་ཀྱི་ཡོད། གཅིག་ནི་སློབ་མ་སྐྱེད་སྲིང་བྱེད་རྒྱུ་རེད། གཉིས་ནི་སློབ་མ་རང་ཉིད་ལ་ནུས་པ་གང་ཡོད་མེད་རྩད་གཅོད་ཀྱིས་དེ་དང་མཐུན་པ་སློབ་སྦྱོང་སྤྲད་རྒྱུ་རེད། རྒྱ་གར་ནང་མཚོན་ན་ (shiksha) དང་ (Vidhya) ཞེས་གཉིས་ཤོད་ཀྱི་ཡོད། ཤིཀ་ཤ་ཞེས་པ་ནི་ང་ཚོའི་བསླབ་པ་གསུམ་དང་མི་ཡ་རབས་བཟང་པོ་བཟོ་རྒྱུ་དང་ཝིདྱ་ཞེས་པ་ནི་གནས་ཚུལ་གང་ཡིན་པ་རྣམས་ཁུངས་ནས་རྟོག་པ་བྱེད་པ་ལ་ཟེར།གྲོས་གཞི་གཞན་ནི་གཞི་རིམ་འོག་མའི་སློབ་གྲྭ་ཁག་ལ་ཟློས་དགེ་དང་ལུས་རྩལ་དགེ་རྒན། བཟོ་རིག་དགེ་རྒན། རི་མོའི་དགེ་རྒན་བཅས་ཀྱི་མཐུན་རྐྱེན་བསྐྲུན་ཕྱོགས་རེད་འདུག ཕྲན་ལ་མཚོན་ན་ཟློས་དགེ་དང་ལུས་རྩལ་དགེ་རྒན། དེ་བཞིན་རི་མོ་དགེ་རྒན་བཅས་ཤིན་ཏུ་གལ་ཆེན་པོ་མཐོང་གི་འདུག གང་ཡིན་ཟེར་ན། ང་ཚོའི་སློབ་གྲྭ་ཁག་གི་ནང་ཡོད་པའི་སློབ་ཕྲུག་རྣམས་དགེ་རྒན་ཁོ་ན་བཟོ་རྒྱུ་མིན། སློབ་གྲྭར་རྒྱལ་ཁབ་གཅིག་མ་འོངས་པར་བདག་པོ་རྒྱག་མཁན་རྣམས་གསོ་སྐྱོང་བྱེད་ཀྱི་ཡོད། ལས་ཀ་གང་གི་ཐོག་ནུས་རྩལ་ཐོན་པ་ཞིག་དགོས་ཀྱི་ཡོད། གང་ལྟར་ཤེས་ཡོན་གྱི་གོ་དོན་སྡོམ་བརྒྱབ་ནས་བཤད་ཡོང་དུས། རང་ཉིད་ཀྱི་ནུས་པ་ལ་བལྟས་ནས་ཡར་འཚར་ལོངས་བྱེད་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་ང་ཚོའི་ཤེས་ཡོན་གྱི་ངོ་བོ་བཤད་ཡོང་སྐབས་ཟབ་སྦྱོང་དང་ (Instruction,learning) སོགས་ཐ་སྙད་མང་པོ་ཡོད་ཀྱང་དེ་རིགས་གཅིག་གི་ནང་ཤེས་ཡོན་གྱི་གོ་དོན་ཆ་ཚང་རྩ་བ་ཉིད་ནས་ཡོད་པ་མ་རེད། ཤེས་ཡོན་ནི་རྒྱ་ཆེན་པོ་རེད།
ཤེས་ཡོན་ཞེས་པའི་འབྱུང་སྟངས་རོབ་ཙམ་བཤད་པར་གནའ་སྔ་མོ་ཡིག་རྨོངས་ཡིན་པའི་སྐབས་ལ་ཤེས་ཡོན་ཞེས་གང་ལ་གོ་ཡི་ཡོད་དམ་ཞེ་ན། སོ་སོའི་བཟང་བཏུང་ཐོག་དཀའ་ལས་བརྒྱབ་པ་ལ་གོ་ཡི་ཡོད། འཛིན་གྲྭར་འགྲོ་རྒྱུ་སོགས་མེད། ཉེ་འཁོར་གྱི་མི་མདུན་ནས་སློབ་སྦྱོང་བྱེད་ཀྱི་ཡོད། ད་ཆ་འགྱུར་བ་ཧ་ལས་པ་ཕྱིན་ཏེ་ཤེས་ཡོན་གྱི་མཐུན་རྐྱེན་མང་པོ་ཞིག་ཡོད། དེར་དཀའ་ངལ་ཆེ་ཤོས་ནི་ཕྱིའི་འཛུགས་བསྐྲུན་ཐོག་ཤུགས་སྣོན་བྱེད་ཀྱི་ཡོད་པ་དང་ནང་གྱི་འཛུགས་བསྐྱུན་དང་ནང་བསམ་བློ་ཡར་རྒྱས་གཏོང་ཐབས་བྱེད་ཀྱི་མེད། གང་ཡིན་ཟེར་ན། ནང་བསམ་བློ་དེ་མཐོང་རྒྱུ་མེད་སྟབས་རང་བཞིན་ལྷན་སྐྱེས་སུ་ལྡན་པའི་སྣང་ཚུལ་ཞིག་ཆགས་ཀྱི་ཡོད། ནུབ་ཕྱོགས་པའི་ཤེས་ཡོན་ཁོ་ནར་མི་ལྟོས་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་ཡང་ཕེབས་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་ལེགས་བཤད་ཐད་སློབ་སྦྱོང་དང་ཉམས་ལེན་བྱེད་དགོས།གཙོ་བོར་མི་སོ་སོའི་རྒྱུ་མཚན་གྱི་སྒོ་ནས་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་སློབ་སྦྱོང་བྱེད་དགོས། སློབ་ཕྲུག་རྣམས་ནས་རང་ཉིད་བསམ་བློ་འཁོར་བ་ནས་སློབ་སྦྱོང་དང་ལས་དོན་ཅི་འདྲ་ཞིག་ལ་དོ་དབྱིངས་ཡོད་པའི་ཐོག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད། ད་ཆ་སློབ་གྲྭ་ཚང་མར་ཆོས་ལུགས་ལ་བརྟེན་པའི་བཟང་སྤྱོད་སློབ་ཚན་གྱི་བསླབ་གཞི་མང་པོ་ཡོད། དེ་ནུས་པ་གང་འཚམ་ཐོན་གྱི་ཡོད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་སྦྱོང་དང་བསྟུན་སྐབས་རེ་དམིགས་སུ་བཀར་ནས་ནང་ཆོས་ནང་འཕགས་པའི་ནོར་བདུན་ཞེས་ནང་གི་ནོར་ལ་གོ་ཡི་ཡོད། དེའི་ཐད་སློབ་སྦྱོང་སྤྲོད་དགོས། ཤེས་ཡོན་ལྷན་ཚོགས་ནས་ཤེས་ཡོན་དང་འབྲེལ་བའི་ཡིག་ཆ་འགའ་ཤས་ཤིག་བཟོས་པ་རྣམས་ཧ་ཅང་ཡག་པོ་མཐོང་སོང་། འོན་ཀྱང་ཤོག་བུའི་སྟེང་ཡག་པོ་ཡོད་པ་ཙམ་མ་ཟད། ལྷན་ཚོགས་ནས་ལག་བསྟར་གནང་དགོས་ཀྱི་ཡོད། ལག་བསྟར་གནང་རྒྱུ་ལས་སླ་པོ་མེད། ངས་ལག་བསྟར་བྱེད་ཀྱི་མི་འདུག་ཅེས་བཤད་ཀྱི་མེད། གྲུབ་འབྲས་བཟང་པོ་ཐོན་པར་ལག་བསྟར་གནང་དགོས་ཀྱི་ཡོད། ཅེས་དང་། གཞན་ཡང་དགེ་བཤེས་ལགས་ཀྱི་བོད་ཀྱི་སྐད་ཡིག་གལ་ཆེན་པོ་ཡིན་སྐོར་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་ ༢༧ ཉིན་ཏེ་ཆོ་འཕྲུལ་དུས་ཆེན་ཉིན་བཀའ་ཆོས་སྩལ་སྐབས་བོད་རིགས་ན་གཞོན་རྣམས་ནས་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་ཕེབས་ཡོད་སྐོར་སོགས་གསུངས།དེ་ནས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་གིས་གསུང་བཤད་གནང་དོན། ད་ཆ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཚང་མའི་ནང་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་དང་གནང་མུས་ཡིན། ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་ཐུབ་ཐབས་དང་བསླབ་གཞི་རྩ་འཛིན། དེ་མིན་སློབ་དེབ་ཀྱི་རྒྱུ་ཆ་མང་པོ་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་པར་སྐྲུན་དང་འགྲེམས་སྤེལ་གནང་ཡོད། ལྷན་ཚོགས་ནས་ལམ་སྟོན་གསུང་བཤད་མང་པོ་གནང་ཡོད་པར་བརྟེན་ལས་དོན་ཚགས་ཚུད་གནང་དང་གནང་བཞིན་པར་ངས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུངའང་མུ་མཐུད་རྒྱབ་སྐྱོར་དང་ལམ་སྟོན་གནང་རོགས། དེ་རིང་གི་ལྷན་ཚོགས་འདིའི་ཐོག་ངས་སྐད་ཆ་བཤད་རྒྱུ་མཐའ་མ་ལྟ་བུ་ཆགས་ཀྱི་འདུག དེར་བརྟེན་གོ་སྐབས་འདི་བརྒྱུད་ངས་གནད་དོན་ཁ་ཤས་ཤིག་གི་ཐོག་ལ་ཞུ་ན་བསམ་སོང་།
ཤེས་རིག་ལས་ཁུངས་ནང་ཤེས་ཡོན་ལྷན་ཚོགས་ཀྱི་ཡིག་ཚང་ཞིག་ཡོད། ཤེས་ལྷན་ནི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཚང་མའི་ནང་ཤེས་ཡོན་ཐོག་ལམ་སྟོན་གནང་མཁན་ཆགས་ཀྱི་ཡོད། ཤེས་ཡོན་གྱི་བསྟི་གནས་ཁང་ཞིག་ནང་བསླབ་གཞི་རྩ་འཛིན་དགོས་རྒྱུ་ཧ་ཅང་གནད་འགག་ཆེན་པོ་ཡིན་པར་བརྟེན་ད་ཆ་ཚགས་ཚུད་པོ་ངང་ནས་འགྲོ་བཞིན་ཡོད། གནད་འགག་གཞན་ནི། ཤེས་ཡོན་ཐོག་ཉམས་ཞིབ་བྱ་རྒྱུ་གལ་ཆེན་པོ་མཐོང་གི་འདུག གོང་དུ་ཚོགས་གཙོ་མཆོག་གིས་གསུངས་པ་ལྟར། རྒྱུ་མཚན་ལྡན་པའི་སྒོ་ནས་སློབ་སྦྱོང་དང་ཉམས་ལེན་བྱེད་དགོས་པ་མ་ཟད། ལམ་སྟོན་གནང་བའི་སྐབས་རྒྱབ་བརྟེན་ཞིག་དགོས། ཤེས་ཡོན་གྱི་བསྟི་གནས་ཤིག་གི་ནང་ཉམས་ཞིབ་དགོས་ཀྱི་ཡོད། ད་ཆ་ཤེས་ཡོན་ཐོག་ཉམས་ཞིབ་བྱེད་མཁན་མང་པོ་ཡོད་པ་མ་ཟད། ད་ལྟའི་དུས་རབས་འདི་བཞིན་བརྡ་འཕྲིན་གྱི་དུས་རབས་ཤིག་ཡིན་སྟབས་ཤེས་ཡོན་ཐད་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་ཀྱི་ཡོད།
ཤེས་ལྷན་འདིའི་བརྒྱུད་ལོ་ལྟར་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ལ་སྐོར་བསྐྱོད་གནང་ཡོད། སྐབས་དེ་དུས་སློབ་གྲྭ་ཁག་ལ་ལྟ་སྐོར་གྱི་ཚུལ་དུ་ཉམས་ཞིབ་དང་རྟོག་ཞིབ་ནན་པོ་གནང་སྟེ་སློབ་གྲྭ་སོ་སོར་ལམ་སྟོན་ཕུལ་བ་དེས་ཐུགས་ཕན་གསོས་པ་དང་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན། དེང་སྐབས་སློབ་གྲྭ་ཁག་གི་དགེ་རྒན་རྣམ་པའི་ཤེས་ཡོན་གནས་ཚད་ཧ་ཅང་ཡག་པོ་ཡོད་སྟབས། དགེ་རྒན་ངོས་ནས་ཀྱང་སློབ་ཁྲིད་ཐབས་ལམ་སོགས་ལ་བརྟག་དཔྱད་ཀྱིས་སློབ་ཕྲུག་རྣམས་ལ་ཐུགས་ཕན་གསོས་ཐུབ་རྒྱུར་ཉམས་ཞིབ་བྱེད་རྒྱུའི་ལམ་སྟོན་ཕེབས་ཚེ་ཕན་ཐོགས་ཡོང་རྒྱུ་རེད། དེས་དགེ་རྒན་ཆེད་ལས་ཀྱི་ནུས་པ་ཡར་རྒྱས་གཏོང་ཐུབ།ད་རེས་ལྷན་ཚོགས་ནང་ཨིན་ཇི་བསླབ་གཞི་རྩ་འཛིན་ཞིག་ཕུལ་ཡོད། ཨིན་ཇི་བསླབ་གཞི་རྩ་འཛིན་འདི་བཞིན་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་དགེ་རྒན་དང་སློབ་ཕྲུག སློབ་གྲྭའི་འགན་འཛིན་དང་ལྷན་དུ་གྲོས་བསྡུར་དང་བཅར་འདྲི། ཉམས་ཞིབ་ཀྱི་བརྒྱུད་རིམ་ཆ་ཚང་བྱས་པའི་ཐོག་ནས་རྩ་འཛིན་བཟོས་པ་ཞིག་རེད།
ཕྱི་ལོ་ ༢༠༢༠ ལོར་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ཤིག་གཏན་འབེབས་གནང་ཡོད། ང་ཚོས་ཤེས་ཡོན་སྲིད་བྱུས་ལག་བསྟར་གནང་བཞིན་ཡོད། རྒྱ་གར་དང་ང་ཚོའི་ཤེས་ཡོན་སྲིད་བྱུས་བསྡུར་དགོས་ཀྱི་མེད། ང་ཚོའི་སློབ་གྲྭ་དེ་དག་རྒྱ་གར་གྱི་སྒྲིག་གཞི་འོོག་འགྲོ་དགོས་ཀྱི་ཡོད། ལྷན་ཚོགས་འདིའི་ཐོག་ང་ཚོས་རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་ཞིབ་ཕྲ་གཟིགས་ཏེ་གྲོས་བསྡུར་གནང་ཚེ་ལམ་སྟོན་གནང་ཕྱོགས་ཐད་ཕན་ཐོགས་ཡོང་ངེས་ཡིན། གོང་དུ་ཚོགས་གཙོས་བོད་ཀྱི་སྐད་ཡིག་གལ་ཆེན་པོ་ཡིན་སྐོར་གསུངས་སོང་། བོད་མི་མི་རེ་ངོ་རེར་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་འགན་ཡོད། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུའི་ཐབས་ལམ་བཟང་ཤོས་ནི་བོད་མི་ཞིག་ཡིན་ཕྱིན་རྗེས་བོད་སྐད་གཙང་མ་བསྐྱོན་དགོས་དགོས། ཞེས་གསུངས།དེ་རྗེས་སྐུ་མགྲོན་གཙོ་བོ་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་ཤེས་ཡོན་ལྷན་ཚོགས་ཀྱི་སྒྲིག་གཞི་ཁག་དང་། ཤེས་ལྷན་དང་ཤེས་ཡོན་སྲིད་བྱུས་ཀྱི་བྱུང་རིམ། ཤེས་ཡོན་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་ནི་ཤེས་ཡོན་དང་འབྲེལ་བའི་འཆར་གཞི་བརྟན་པོ་བཟོ་རྒྱུ་དང་། འཛིན་སྐྱོང་གི་བྱེད་སྒོ་དང་ཤེས་ལྷན་གྱི་བྱེད་སྒོ་དབར་ཁྱད་པར་གསལ་པོ་དགོས་སྐོར། དེ་བཞིན་ཤེས་ཡོན་སྲིད་བྱུས་ནང་བསླབ་པ་གསུམ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་སྐོར། ད་ལྟའི་དུས་ལ་སྲོལ་རྒྱུན་ཐོག་ནས་སློབ་ཁྲིད་བྱེད་རྒྱུའི་ཐབས་ལམ་མང་པོ་ཡོད་པ་རྣམས་ལག་བསྟར་གནང་ཐུབ་ཚེ་ཕན་ཐོགས་ཡོང་ངེས་ཡིན་སྐོར། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་མཆོག་ཤེས་རིག་ལས་ཁུངས་སུ་ཕེབས་པ་ནས་བཟུང་དེའི་ཐོག་ལས་དོན་ཡག་པོ་བྱུང་ཡོད་པ་དང་ཤེས་རིག་བཀའ་བློན་མཆོག་ལ་མཚོན་ན། མི་ཚེ་གང་བོར་ཤེས་ཡོན་དང་འབྲེལ་བའི་ལས་དོན་དང་འབུམ་རམས་པ་གནང་ཡོད་པ། ཤེས་རིག་བཀའ་བློན་མཆོག་ལ་དེང་རབས་ཀྱི་ཤེས་ཡོན་ཡོད་པ་ཙམ་མ་ཟད། ཉམས་མྱོང་ཡོད་པའི་ཐོག་ནས་བསླབ་གཞི་རྩ་འཛིན་མཚོན་པའི་དེ་དག་གི་ཐོག་ནས་གསལ་པོ་ཆགས་ཀྱི་ཡོད་པ། ད་ལན་ལྷན་ཚོགས་ཐོག་ནམ་རྒྱུན་དང་མི་འདྲ་བ་གྲོས་བསྡུར་ལྷུག་པོ་དང་གྲུབ་འབྲས་བཟང་པོ། མཇུག་སྐྱོང་ལག་ལེན་རྣམས་དུས་རྒྱུན་ལས་ལྷག་ཡོང་བའི་ཡིད་ཆེས་དང་རེ་བ་ཡོད་སྐོར་སོགས་གསུངས། སྤྱིར་ཐེངས་འདིའི་ལྷན་ཚོགས་ཐོག་སྔ་ལོའི་གྲོས་ཆོད་བསྐྱར་ཞིབ་དང་ཤེས་ཡོན་ལྷན་ཚོགས་ཀྱི་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུ་རྒྱུ། འཛིན་རིམ་བཞི་པ་དང་བརྒྱད་པ་བར་གྱི་ཨིན་ཇིའི་བསླབ་གཞི་རྩ་འཛིན་རགས་ཟིན་ལ་བསྐྱར་ཞིབ་དང་གཏན་འབེབས་གནང་རྒྱུ། ལྷན་ཚོགས་ཐེངས་བདུན་པའི་གྲོས་གཞི་བཞི་པའི་གྲོས་ཆོད་ནང་གསལ་ལྟར། སློབ་སྤྱི་དང་དགེ་ཆ་བསྐོ་གཞག་དང་གནས་སྤར་གྱི་སྒྲིག་གཞི་རགས་ཟིན་ལ་བསྐྱར་ཞིབ་དང་གཏན་འབེབས་གནང་རྒྱུ། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ལྷན་ཚོགས་ཐེངས་བདུན་པའི་གྲོས་བཞི་པའི་ནང་གསེས་དོན་ཚན་ ༤ དང་ ༥ པའི་མཇུག་གནོན་ཆེད་གཏན་ཉིན་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམས་ཀྱི་ནུས་རྩལ་དང་ཤེས་ཚད་གོང་མཐོར་གཏོང་ཐབས་དང་། སློབ་གྲྭའི་འགོ་ཁྲིད་སྐྱེད་སྲིང་སླད་ཤེས་རིག་ལས་ཁུངས་དང་སློབ་སྡེ་ཁག་ནས་གནང་ཕྱོགས་ཇི་དགེ་སྐོར། དེ་བཞིན་གཞི་རིམ་འོག་མའི་སློབ་གྲྭ་ཁག་ལ་ཟློས་དགེ་དང་། ལུས་རྩལ་དགེ་རྒན། བཟོ་རིག་དགེ་རྒན། རི་མོའི་དགེ་རྒན་བཅས་ཀྱི་མཐུན་རྐྱེན་བསྐྲུན་ཕྱོགས་ཇི་དགེའི་སྐོར། གཞི་རིམ་འོག་མ་དང་བར་མའི་བསླབ་གཞི་རྩ་འཛིན་དང་སློབ་དེབ་རྣམས་སློབ་ཁག་ཡོངས་ནས་གཅིག་གྱུར་ལག་བསྟར་གནང་ཕྱོགས་སྐོར།
ལྷན་ཚོགས་ཐེངས་བདུན་པའི་གྲོས་གཞི་གཉིས་པའི་གྲོས་ཆོད་ནང་གསལ་ལྟར། བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གཅིག་ལྕོགས་ཀྱི་འགན་དབང་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་ཞིབ་དང་མཇུག་གནོན་གནང་ཕྱོགས་ཇི་དགེའི་སྐོར་བཀའ་བསྡུར་གནང་རྒྱུ་ཡིན་འདུག་པ་བཅས། །