ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ རེས་གཟའ་ཟླ་བ།༄༅། །ཕ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ཕ་རན་སིའི་དབུས་གཙང་ཆོལ་ཁ་ཚོགས་པ། ཆུ་བཞི་སྒང་དྲུག ཕ་རན་སི་མདོ་སྨད་ཆོལ་ཁ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་གཞོན་ནུ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་གྲངས་ ༡༥༠༠ ལྷག་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ཊི་རོ་ཁ་ཌེ་རོ་ (Place du Trocadéro) ཁུལ་དུ་འདུ་འཛོམས་ཀྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ པའི་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོ་པེ་རི་སི་ ༡༢ (Paris 12) གྲོང་སྡེའི་སྤྱི་ཁྱབ་ལྕམ་སྐུ་པི་རེ་ (EMMANUELLE Pierre) ལགས་དང་། སྤྱི་ཁྱབ་གཞོན་པ་རོ་མེ་རོ་ (ROMERO-MICHEL Jean-Luc) ལགས། སྤྱི་ཁྱབ་གཞོན་པ་པུ་ལི་ཝར་ (Audrey Pulvar) ལགས་བཅས་ཡིན་ཞིང་། ཁོང་རྣམ་པས་བོད་དོན་ཆེད་དུ་རྒྱབ་སྐྱོར་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གྲོང་ཁྱེར་པེ་རི་སིའི་ཆེ་བསྟོད་མི་སེར་ཡིན་པ་དྲན་གསོའི་གསུང་བཤད་གནང་ཡོད།མཛད་སྒོའི་ཐོག་ཕ་རན་སི་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྤེན་པ་ལགས་ཀྱིས། ཕྱི་ལོ་ ༡༩༥༩ ལོའི་གསུམ་བཅུའི་དུས་དྲན་གྱི་རྒྱབ་ལྗོངས་དང་ལོ་རྒྱུས་ཀྱི་གལ་གནད་སྐོར་གསུང་བཤད་གནང་གྲུབ་མཚམས་པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་དྲུང་ཆེ་རྣམ་རྒྱལ་བསམ་གྲུབ་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་ཡོད། དེ་བཞིན་ཕ་རན་སིའི་དབུས་གཙང་ཆོལ་ཁ་དང་། ཆུ་བཞི་སྒང་དྲུག མདོ་སྨད་ཆོལ་ཁ། བོད་རང་བཙན་སློབ་ཕྲུག་ཚོགས་པ། བོད་ཀྱི་གཞོན་ནུ་ཚོགས་པ་བཅས་ཀྱི་ཚོགས་གཙོ་རྣམ་པས་གསུང་བཤད་གནང་ཡོད། བོད་རིགས་ཚོགས་པ་ཁག་གིས་བསྟན་པ་དར་རྒྱལ་ལགས་དང་ལྷ་རི་ཡེ་ཤེས་ལགས་ལ་ཁ་བཏགས་རེ་ཕུལ་བ་དང་། བསྟན་པ་དར་རྒྱལ་ལགས་ཀྱིས་བོད་ཀྱི་ལོ་གསར་ཚེས་པ་དང་པོ་ནས་བཟུང་རྒྱ་ནག་གི་བོད་དབང་སྒྱུར་ལ་ཞི་བའི་ངོ་རྒོལ་གནང་ཡོད།གཞན་ཡང་སི་ཏྲས་སི་སྦག་བོད་རིགས་ཚོགས་པའི་ (Strasbourg) གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་ཀི་ལེ་བྷར་ (Place Kléber) ཁུལ་ནས་འགོ་འཛུགས་གནང་སྟེ་ཡུ་རོབ་སྤྱི་མཐུན་ཚོགས་པའི་མདུན་བར་དུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་། སྐབས་དེར་མི་གྲངས་ ༤༥ ལྷག་མཉམ་ཞུགས་གནང་ཡོད་པ་བཅས། །