ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢ རེས་གཟའ་མིག་དམར།༄༅། །འདི་གའི་གསར་འགོད་པ་བསོད་ནམས་དཔལ་ལྡན་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༨ ཉིན་གྱི་ཕྱི་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རུ་ཎཱ་ཅལ་མངའ་སྡེ་བརྒྱུད་ཤི་ལོངྒ་ཁུལ་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་ཤི་ལོངྒ་དུས་བབ་ (Shilong Times) ཀྱི་རྩོམ་སྒྲིག་པ་པཱ་ཏྲི་ཤི་ཡ་མུ་ཁིམ་ (Patricia Mukhim) ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ད་ལན་རྒྱ་གར་བྱང་ཤར་ཁུལ་དུ་འཚམས་གཟིགས་ཕེབས་དགོས་དོན་དང་། ཉེ་ཆར་ཨ་རིའི་གཞུང་གིས་ཁྲིམས་སུ་གཏན་འབེབས་གནང་བའི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་སྐོར། དེ་བཞིན་ཉེ་ལམ་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་དབར་ས་མཚམས་དང་འབྲེལ་བའི་རྩོད་རྙོག་བྱུང་བའི་སྐོར། རྒྱ་གར་གྱིས་བོད་ཐོག་འཛིན་པའི་སྲིད་བྱུས་སོགས་ཀྱི་སྐོར་ལ་བཅར་འདྲི་ཞུས་ཏེ་ཟླ་ ༢ ཚེས་ ༡ ཉིན་ཤི་ལོངྒ་དུས་བབ་ཀྱི་ཚགས་ཤོག་སྟེང་རྒྱ་ནག་ཤེས་རྟོགས་བྱེད་པར་ཐོག་མར་བོད་ལ་རྒྱུས་ལོན་བྱེད་དགོས་ཞེས་པའི་འགོ་བརྗོད་ཐོག་བཅར་འདྲི་དེ་བཀོད་ཡོད།དེ་ཡང་ཟླ་ ༣ ཚེས་ ༡ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཙམ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་ཤི་ལོངྒ་ས་གནས་སུ་ཡོད་པའི་བོད་དགོན་དགའ་ལྡན་ཆོས་གླིང་དུ་ཕེབས་སྐབས་ཕྱོགས་བཞུགས་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་དང་། ས་གནས་ཀྱི་གནད་ཡོད་མི་སྣ་ཁག་གིས་གཙོས་མི་མང་རྣམས་ཀྱིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་གྲུབ་མཚམས་ཤི་ལོངྒ་ས་གནས་འགོ་འཛིན་ལས་ཁུངས་ནས་དགའ་ལྡན་ཆོས་གླིང་དགོན་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་བཤད་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད་པ་དང་ལས་རིམ་གྱི་ཐོག་མར་ཤི་ལོངྒ་མི་མང་ཡོངས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྲིད་སྐྱོང་གི་ལས་ཡུན་ལོ་བཅུའི་རིང་བོད་མིའི་རྩ་དོན་དང་བསྟན་སྲིད་མི་རིགས་ཀྱི་ཆེད་སྐུ་ངལ་འཛེམས་མེད་ཐོག་ཞབས་འདེགས་བསྒྲུབས་པར་ཐུགས་རྗེ་ལེགས་གསོལ་གྱི་ཕྱག་རྟགས་ཤིག་ཕུལ་ཡོད། ཕྱོགས་མཚུངས་བོད་དགོན་དགའ་ལྡན་ཆོས་གླིང་ནས་ཀྱང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འཇམ་དཔལ་དབྱངས་ཀྱི་སྐུ་ཞིག་དང་ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ནས་ཕྱག་རྟགས་ཤིག་ཕུལ་ཡོད།དེ་ནས་ཤི་ལོངྒ་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་འབྲེལ་ས་གནས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། དེ་སྔ་ལོ་བཅུའི་གོང་དུ་ཤི་ལོངྒ་མི་མང་ཡོངས་ཀྱིས་ཁོང་ལ་ཡིད་ཆེས་དང་རེ་བ་ཆེན་པོ་གནང་སྟེ་འོས་ཤོག་བླུགས་ནས་བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་ཞབས་འདེགས་ཞུ་བཅུག་པ་བཞིན་སྲིད་སྐྱོང་མཆོག་གིས་འདས་པའི་དུས་ཡུན་ལོ་བཅུའི་རིང་ཧུར་ཐག་འབད་ཐག་གནང་སྟེ་དོན་ལ་སྨིན་པའི་ཞབས་འདེགས་གང་ཐུབ་ཞུས་ཡོད་སྐོར་དང་།དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་ཀྱི་མི་མང་རྣམས་ལ་རང་ཉིད་ཀྱི་ཕྲུ་གུ་རྣམས་རང་མི་རིགས་ཀྱི་སྐད་ཡིག་སློབ་ཆེད་སཾ་བྷོ་ཌ་དང་བོད་ཁྱིམ་སློབ་གྲྭར་གཏོང་དགོས་པ་གལ་ཆེན་པོ་ཡིན་སྐོར་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་ཚོས་བོད་ཀྱི་སྐད་ཡིག་སྦྱོང་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད་པའི་སྐོར། འཛམ་གླིང་ནང་སྐད་ཡིག་མི་འདྲ་བ་ཁྲི་གཅིག་ཙམ་ཡོད་པ་དང་། དེའི་ནང་ནས་ལོ་ལྟར་སྐད་ཡིག་ཉི་སྟོང་ལྷག་བརླགས་འགྲོ་ཡི་ཡོད་པར་བརྟེན་བོད་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་སློབ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་པའི་སྐོར་སོགས་གསུངས།མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མི་མང་རྣམས་ཕན་ཚུན་འཆམ་མཐུན་དགོས་པ་དང་། ལྷག་པར་རྒྱ་གར་གྱི་ཡུལ་མི་དང་ལྷན་འཆམ་མཐུན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། གཞན་ཡང་ཕྱི་དྲོ་ཚོུད་ ༣།༣༠ ཙམ་ལ་ཨ་སམ་དང་མེ་གྷ་ལ་ཡ་མངའ་སྡེའི་ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སོ་མ་ཡ་ཌིབ་དཱ་ཏཱ་ (Soumyadeep Datta) ལགས་དང་ཤི་ལོངྒ་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག་ཨ་སམ་ཁུལ་དུ་ཡོད་པའི་ (Neha Agarwalla Auditorium) ཞེས་པའི་ཚོགས་ཁང་དུ་ཆུ་ཚོད་གཅིག་ཙམ་རིང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསར་འགོད་ལྷན་ཚོགས་ཤིག་ཚོགས་གནང་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལན་རྒྱ་གར་བྱང་ཤར་ཁུལ་དུ་འཚམས་གཟིགས་ཕེབས་དགོས་དོན་དང་། བོད་ཀྱི་གནད་དོན་དང་འབྲེལ་ནས་འཕགས་བོད་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དབར་བྱུང་བའི་ས་མཚམས་ཀྱི་གནད་དོན་ཐོག་གསུང་བཤད་གནང་ཡོད་པ་དང་། དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་ཤེས་རྟོགས་བྱེད་པར་ཐོག་མར་བོད་ལ་རྒྱུས་ལོན་བྱེད་དགོས་པ་དང་རྒྱ་གར་གྱི་ས་མཚམས་བོད་དང་འབྲེལ་ཡོད་པ་ལས་རྒྱ་ནག་དང་གཏན་ནས་འབྲེལ་བ་མེད་པའི་སྐོར་སོགས་གསུངས། །
གསར་གནས།
འབྲེལ་གནས།