ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༣ རེས་གཟའ་མིག་དམར། ༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༣ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཐུན་འགྱུར་འོག་འགྱོག་འབེབས་གསར་བཙུགས་ལེགས་གྲུབ་བྱུང་བ་འདི་ཉིད་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་བཞི་གྲྭས་བཀྲ་ཤིས་སྨོན་ཚིག་གསུང་འདོན་གནང་གྲུབ་མཚམས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དར་མཚོན་སྣ་ལྔ་གཅོད་འབྲེག་གནང་སྟེ་འགྱོག་འབེབས་དབུ་འབྱེད་གནང་།དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདིར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་འགྱོག་འབེབས་དབུ་འབྱེད་སླད་ཆེད་མངགས་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་ཕེབས་གནང་ཡོད། འགྱོག་འབེབས་གསར་བཙུགས་ཞུས་པ་དེས་ཐུགས་ཕན་གསོས་པའི་རེ་བ་ཞུ་གི་ཡོད། མཐུན་འགྱུར་གནང་མཁན་སྦྱིན་བདག་ཁག་ལྔ་ཡོད་པ་ཚང་མར་ངས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།དེ་ནས་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཁན་རིན་པོ་ཆེ་མཆོག་གིས་གསུང་དོན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་འབྲེལ་ཡོད་ལས་བྱེད་རྣམས་ནས་ཆེས་ཐོག་མར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དེའི་ཐད་སྙན་སེང་ཞུས་པ་དང་འབྲེལ་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་ལམ་སྟོན་གཞིར་བཟུང་ད་ཆ་འགྱོག་འབེབས་གསར་བཙུགས་ཀྱི་ལས་གཞི་ལེགས་པར་གྲུབ་ཡོད། དཔེ་མི་སྲིད་ཡག་པོ་བྱུང་འདུག མགོན་པོ་གང་ཉིད་མཆོག་ཙམ་མིན་པར་ལུས་པོར་དཀའ་ངལ་ཡོད་མཁན་རྣམས་ཀྱི་ཆེད་དུའང་ཕན་ཐོགས་ཡོང་གི་རེད། བོད་མིའི་སྒྲིག་འཛུགས་ནས་ཐུགས་འགན་རྒྱ་ཆེན་པོ་བཞེས་པར་ངས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས། ནང་སྲིད་དྲུང་ཆེ་ཤོ་ཟུར་ཚེ་དབང་སྒྲོལ་མ་ལགས་ཀྱིས། འགྱོག་འབེབས་རྒྱག་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ད་ཆ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ན་མཐོ་བོ་ཡིན་པ་དང་། མགོན་པོ་གང་ཉིད་མཆོག་གི་སྐུ་ཕྱྭ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་འགན་ཁུར་བཞེས་པའི་ཐོག་གསར་བཙུགས་གནང་བ་ཞིག་ཡིན། གཞན་ཡང་གསུང་ཆོས་སོགས་གནང་བའི་སྐབས་རྒས་གཅོང་དང་དབང་པོ་སྐྱོན་ཅན་རྣམས་ཀྱི་དཀའ་ངལ་སེལ་ཆེད་འགྱོག་འབེབས་གསར་བཙུགས་གནང་བ་ཞིག་ཡིན། ཞེས་གསུངས།དབུ་འབྱེད་མཛད་སྒོ་ལེགས་པར་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་རྣམ་གྲྭ་སློབ་གཉེར་ཁང་དུ་གཟིགས་ཞིབ་སླད་ཕེབས་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྣམ་གྲྭ་སློབ་གཉེར་ཁང་གི་འཛིན་ཁང་དང་ཉལ་ཁང་། དཔེ་མཛོད། གློག་ཀླད་ཁང་བཅས་ལ་གཟིགས་ཞིབ་དང་འབྲེལ་གསུང་བཤད་དོན། ཕྱི་ལོ་ ༢༠༡༧ ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྣམ་གྲྭ་སློབ་གཉེར་ཁང་འདི་ཉིད་དབུ་འབྱེད་གནང་ཡོད། སྐབས་དེར་ཕྲན་རང་ས་གནས་སུ་མེད་སྟབས་མཉམ་ཞུགས་ཐུབ་མེད། ད་ཆ་ལོ་གསུམ་རྗེས་བཅར་རྒྱུའི་གོ་སྐབས་བྱུང་བ་ཧ་ཅང་དགའ་པོ་བྱུང་། གང་ཡིན་ཞེ་ན། སློབ་གྲྭའི་མཐུན་རྐྱེན་ཧ་ཅང་ཡག་པོ་འདུག གཙོ་བོ་མཁན་རིན་པོ་ཆེ་མཆོག་གིས་དབུས་སློབ་གྲྭའི་སློབ་སྤྱིས་གཙོས་འབྲེལ་ཡོད་རྣམས་ནས་སྐུ་ལས་ཧ་ཅང་བསྐྱོན་ཡོད། སློབ་གཉེར་བ་རྣམས་དགེ་འདུན་པ་ཡིན་སྟབས། ཁོང་རྣམ་པར་སློབ་ཁྲིད་གནང་སྟངས་དང་འཛིན་གྲྭའི་ནང་ཚན་རིག དཔེ་ཁྲིད། བོད་ཡིག ཨིན་ཇིའི་སློབ་ཚན་བཅས་ཡོད་པའི་ཐོག་ནས་ཕུན་སུམ་ཚོགས་པ་ཞིག་གནང་བཞིན་ཡོད་པར་ཧ་ཅང་དགའ་པོ་བྱུང་། དགེ་རྒན་ལས་བྱེད་ཚང་མར་བསྔགས་བརྗོད་དང་སྦྲགས། གཙོ་ཆེ་ཤོས་མཁན་རིན་པོ་ཆེ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་གཞིར་བཟུང་དགེ་འདུན་པ་ཁོ་ནའི་ཆེད་སློབ་གྲྭ་འཛུགས་རྒྱུ་ཁག་པོ་ཡིན་པ་ལ་མ་ལྟོས་པར་བཙུགས་ཐུབ་པར་ཡག་པོ་བྱུང་འདུག རྣམ་རྒྱལ་གྲྭ་ཚང་ཞེས་པ་ནི་ལོ་རྒྱུས་ཐོག་ནས་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཕལ་ཆེ་བའི་ནང་སྐོར་བསྐྱོད་ཟིན་པ་ཡིན། སློབ་གཉེར་ཁང་འདི་ཉིད་མཐུན་རྐྱེན་དང་གང་ཅིའི་ཐད་གཞན་དང་མི་འདྲ་བ་ཞིག་འདུག ཅེས་གསུངས། །
སྤྱིར་རྣམ་རྒྱལ་གྲྭ་སློབ་གཉེ