ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༡ རེས་གཟའ་ཕུར་བུ།༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་གྱ་ལྔར་ཕེབས་པར་བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ནས་ ༢༠༢༡ ཟླ་ ༦ ཚེས་ ༣༠ བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ལས་རིམ་འདིའི་ཆ་ཤས་སུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་ལས་ཁུངས་ནས་རྡ་ཤོད་དུ་ཡོད་པའི་རྒྱ་གར་གྱི་དམག་ཟུར་དམ་པ་རྣམས་ཀྱི་རྗེས་དྲན་སྐྱེད་ཚལ་ (War Memorial Park) ཞེས་པའི་ནང་ཕྲུ་གུའི་རྩེད་མོའི་འཕྲུལ་ཆས་རྣམས་ལོ་མང་རྙིང་སོང་གིས་གནས་སྟངས་ཧ་ཅང་ཞན་པར་བརྟེན་བེད་སྤྱོད་མེད་པར་ཆགས་སྟབས། ཕྲུ་གུའི་རྩེད་ཐང་ཉམས་བཟོ་དང་འཕྲུལ་ཆས་གསར་ཉོ་གནང་བ་དེ་ཉིད་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་འབྱེད་གནང་ཡོད།དེ་ཡང་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༡ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་ཡེ་ཤེས་དབང་མོ་ལགས་ཀྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམ་པ། རྒྱ་གར་གྱི་དམག་ཟུར་ཁག་གཅིག་སོགས་ལྷན་འཛོམས་ཀྱི་ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དར་མཚོན་གཅོད་འབྲེག་གནང་སྟེ་ཝི་ཀ་སི་བྱིས་པའི་སྐྱེད་མོས་ཚལ་ (VIKAS CHILDREN’S PARK) དབུ་འབྱེད་གནང་སྟེ་བྱིས་པའི་སྐྱེད་མོལ་ཚལ་ལ་གཟིགས་ཞིབ་གནང་གྲུབ་མཚམས་དཔལ་འབྱོར་ལས་ཁུངས་ནས་མཛད་སྒོར་ཕེབས་པ་ཡོངས་ལ་རྟེན་འབྱུང་གསོལ་ཇ་དང་བཞེས་ཏོག་འདེགས་འབུལ་ཞུས།དེ་ནས་རྒྱ་གར་གྱི་དམག་ཟུར་དམ་པ་རྣམས་ཀྱི་རྗེས་དྲན་སྐྱེད་ཚལ་གྱི་ཚོགས་གཙོ་ (Col KKS Dadwal) ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་ལོ་རྒྱུས་སྙིང་བསྡུས་ཤིག་ངོ་སྤྲོད་དང་འབྲེལ་དཔལ་འབྱོར་ལས་ཁུངས་ནས་བྱིས་པའི་སྐྱེད་མོས་ཚལ་ཉམས་བཟོ་སླད་མཐུན་འགྱུར་གནང་བར་དཔལ་ལྡན་སྲིད་སྐྱོང་མཆོག་དང་དཔལ་འབྱོར་བཀའ་བློན་མཆོག་ལ་ཐུགས་རྗེ་ཆེ་ཞུའི་ཕྱགས་རྟགས་འབུལ་ལམ་ཞུས།སྐབས་དེར་དཔལ་འབྱོར་བཀའ་བློན་མཆོག་གིས་གསར་འགོད་པར་གསུང་དོན། དཔལ་ལྡན་བཀའ་ཤག་ནས་ཕྱི་ལོ་ ༢༠༢༠ ཟླ་ ༧ ཚེས་ ༡ ནས་ ༢༠༢༡ ཟླ་ ༦ ཚེས་ ༣༠ བར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུས་པ་དང་སྦྲགས་ང་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་བོད་མི་གནས་ཡུལ་ཁག་ཏུ་ལས་གཞི་མང་དག་ཅིག་སྤེལ་ཡོད།རྡ་ས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་ཡིན་པ་དང་། ཀངྒ་ར་ནི་རྫོང་གི་བསྟི་གནས་ཡིན་སྟབས་དེ་དག་གི་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པའི་ཆེད་བྱིས་པའི་རྩེད་ཐང་བཟོས་པ་བརྒྱུད་རྒྱ་གར་མི་མང་དང་ང་ཚོའི་དབར་འབྲེལ་ལམ་བཟང་དུ་འགྲོ་རྒྱུ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དྲན་པའི་ཐོག་ནས་རྒྱ་གར་གཞུང་མང་གཉིས་དང་། ལྷག་པར་ཧི་མ་ཅཱལ་གཞུང་དང་ཀངྒ་ར་མི་མང་ལ་ཐུགས་རྗེ་ཆེ་ཞུའི་སླད་བྱིས་པའི་རྩེད་ཐང་འདི་བཟོས་པ་རེད། ཅེས་གསུངས། །
གསར་གནས།
འབྲེལ་གནས།