ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༩ རེས་གཟའ་མིག་དམར། ༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༢ ནང་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གཅིག་ནང་ཐུགས་རྗེ་ཆེ་ཞུའི་འཚམས་གཟིགས་ཕེབས་སྐབས་འབྲེལ་ཡོད་རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་དང་། ཨ་རུ་ཎཱ་ཅལ། མེ་གྷཱ་ལཡ་བཅས་ཀྱིས་མངའ་སྡེའི་སྐུ་མགྲོན་གྱི་མཚན་ཐོག་ནས་སྣེ་ལེན་དང་སྦྲགས་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད།དེ་ཡང་ས་གནས་སོ་སོའི་སྤྱི་ཁྱབ་བློན་ཆེན་ལས་ཁུངས་ཀྱིས་གཙོས་འབྲེལ་ཡོད་ལས་ཁུངས་ནས་མཐུན་འགྱུར་གང་ལེགས་གནང་བར་བརྟེན་འབྲས་ལྗོངས་དང་། ཨ་རུ་ཎཱ་ཅལ། མེ་གྷཱ་ལཡ་གསུམ་ནང་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁྱོན་བཅུའི་ནང་ཐུགས་རྗེ་ཆེ་ཞུའི་འཚམས་གཟིགས་ལེགས་གྲུབ་བྱུང་ཐུབ་ཡོད།ངས་སླར་ཡང་རྒྱ་གར་གྱི་མངའ་སྡེ་འབྲས་ལྗོངས་དང་། ཨ་རུ་ཎཱ་ཅལ། མེ་གྷཱ་ལཡ་བཅས་ཀྱི་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷག་པར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཁུངས་དང་ཉེན་རྟོག་འགོ་དཔོན་ལས་ཁུངས། རྫོང་དཔོན་ལས་ཁུངས་བཅས་ནས་མཐུན་འགྱུར་གང་ལེགས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་གསུངས།
ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྡོར་གླིང་ས་གནས་རྫོང་དཔོན་ལས་ཁུངས་དང་རྒྱ་གར་བྱང་ཕྱོགས་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་དང་ས་གནས་མང་ཚོགས་ནས་གཞུང་འབྲེལ་འཚམས་གཟིགས་སྐབས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། ལས་ཡུན་ལོ་བཅུ་གཙང་འགྲོ་ཡི་ཡོད་སྟབས། མི་མང་རྣམས་ལ་ཐུགས་རྗེ་ཆེ་ཞུ་བར་བཅར་སྐབས་བོད་མི་མང་ཚོགས་ནས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་ལས་དོན་ཐོག་ཡི་རང་བསྔགས་བརྗོད་གནང་བཞིན་ཡོད་པ་གོ་དུས་སེམས་ནང་ཧ་ཅང་དགའ་ཚོར་བྱུང་། ཞེས་གསུངས།
ད་ཆ་དཔལ་ལྡན་སྲིད་སྐྱོང་མཆོག་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་གཞིར་བཟུང་རང་ཁྱིམ་དུ་ཟུར་བཀག་བཞུགས་བཞིན་ཡོད་པ་དང་ཏོག་དབྱིབས་གཉན་རིམས་ཡོད་མེད་བརྟག་དཔྱད་བྱེད་སྐབས་ནད་རྟགས་མེད་པའི་གྲུབ་འབྲས་ཐོན་ཡོད་པ་བཅས། །