ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༨ རེས་གཟའ་ཟླ་བ།༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ངོ་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༦༢ པ་དང་། རྒྱ་ནག་གཞུང་གི་བཙན་དབང་འོག་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་བཞག་ནས་ལོ་ ༧༠ འཁོར་ཉེར་ཐེ་ཝན་རྒྱལ་ས་ཐེ་པེ་གྲོང་ཁྱེར་ནང་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་རེད།དེ་ཡང་ཕྱི་ཟླ་ ༣ ཚེས་ ༧ རེས་གཟའ་ཉི་མ་ཉིན་རྒྱབ་ཆུ་ཚོད་དང་པོ་དང་ཕྱེད་ཀའི་ཐོག་ཐེ་སྡོད་བོད་རིགས་ཚོགས་པ་དང་། བོད་དང་ཐེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་ནས་གཙོ་འགན་དང་། ཐེ་ཝན་གྱི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ ༣༤ མཉམ་འབྲེལ་ཐོག་གསུམ་བཅུའི་དུས་དྲན་སྲུང་བརྩིའི་མཛད་སྒོ་དབུ་འཛུགས་བསྐྱངས། ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། རྒྱལ་གཅེས་པ་རྣམས་ལ་ངག་བཅད་མྱ་ངན་གུས་འདུད་ཞུས་རྗེས། ལས་འགུལ་གོ་སྒྲིག་གནང་མཁན་ཚོགས་པའི་ཚོགས་གཙོ་རྣམ་པས་གཏམ་བཤད་དང་། སྐུ་མགྲོན་གཙོ་བོ་བཀའ་ཟུར་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག ཐེ་ཝན་དོན་གཅོད། ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གྲོས་ཚོགས་འཐུས་མི་སྐུ་ཞབས་ཧུང་ཧྲེང་ཧན་ (Hung Sun Han) ལགས་དང་། གྲོས་ཚོགས་འཐུས་མི་ལྕམ་ཕན་ཡུན་(Fan Yun)ལགས། ཐེ་པེ་གྲོང་ཁྱེར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ལིན་དབྱི་མོང་ (Lin Ying Meng ) ལགས་དང་། མེའོ་བྷོ་ཡཱ་ (Miao Poya) ལགས། དེ་བཞིན་ཐེ་ཝན་སྲིད་དོན་ཚོགས་པ་ཁག་བཞིའི་སྐུ་ཚབ་སོགས་ནས་གསུམ་བཅུའི་དུས་དྲན་དང་། ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་དང་འབྲེལ་བའི་ཐོག་ནས་གསུང་བཤད་གནང་ཡོད་པ་རེད།མཛད་སྒོ་གྲུབ་རྗེས་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དང་། བོད་ཀྱི་རྒྱལ་དར། ཕྲེད་དར་སྣ་ཚོགས་ཐོགས་ཏེ་ཉེན་རྟོག་པའི་སྲུང་སྐྱོབ་འོག་ཐེ་ཝན་གྱི་གལ་ཆེའི་གཞུང་ལམ་ཐོག་རྔམ་སྟོན་ཁྲོམ་སྐོར་གནང་བ་དང་། ལམ་བར་ཆུ་ཚོད་གསུམ་དང་སྐར་མ་བཅུའི་ཐོག་བོད་ནང་གི་རྒྱལ་གཅེས་པ་ཚོའི་ཞུམ་པ་མེད་པའི་སྙིང་སྟོབས་ལ་གུས་འདུད་མཚོན་པའི་རྐྱང་ཕྱག་ཕུལ་བ་དང་། དེ་ནས་ཐེ་ཝན་ནང་ཡོད་པའི་རྒྱ་ནག་སྐམ་སའི་དངུལ་ཁང་(Bank of China Taipei Branch) གི་ཁང་ཆེན་མདུན་དུ་འབྱོར་རྗེས། ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་རྒྱ་གཞུང་གི་བཙན་དབང་འོག་བོད་མིར་མིང་རྟགས་བཀོད་བཅུག་པ་དང་། བོད་ཀྱི་སྐུ་ཚབ་ཚོའི་ཐམ་ཀ་རྫུན་བཟོ་བྱས་པའི་སྐོར་འཁྲབ་སྟོན་བྱས། མཐའ་མ་ཐེ་ཝན་གྱི་ཁང་ཆེན་ཐོག་རྩེག་ ༡༠༡ ཅན་མདུན་འཛོམས་ནས་མི་མང་ལངས་གླུ་དབྱངས་སུ་གྱེར་ནས་ལས་འགུལ་མཇུག་སྒྲིལ་གནང་ཡོད་པ་རེད།ཐེངས་འདིའི་ལས་འགུལ་ལ་ཐེ་ཝན་གྱི་བརྙན་འཕྲིན་སོགས་གསར་འགོད་པ་ཧ་ཅང་མང་པོ་སླེབས་ནས་དོ་སྣང་ཤུགས་ཆེ་དང་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་འགོད་སྤེལ་གནང་ཡོད།
ཕྱི་ཟླ་ ༣ ཚེས་ ༡༠ དགོང་དྲོ་ཐེ་སྡོད་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་གཙོ་འགན་ཐོག་ཐེ་ཝན་རང་དབང་ཐང་ཆེན་མདུན་སྨོན་ལམ་གོ་སྒྲིག་ཞུ་འཆར་ཡིན་པ་རེད། །