༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༠ རེས་གཟའ་སྤེན་པའི་ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་རིག་གཞུང་རླུང་འཕྲིན་ཁང་ (Japan Bunkajin Cultural Channel) གི་བོད་ཀྱི་གནད་དོན་སྐོར་གྱི་རྒྱང་སྲིང་བགྲོ་གླེང་ནང་མཉམ་བཞུགས་གནང་ཡོད་པ་དང་། བགྲོ་གླེ་ནང་ཆབ་སྲིད་དབྱེ་ཞིབ་མཁས་པ་སྐུ་ཞབས་ཀ་ཌོ་ཀི་ཡོ་ཌ་ཀ་ (Mr. Kato Kiyotaka) ལགས་དང་། ཉི་ཧོང་རྒྱལ་ཡོངས་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་སྐུ་ཞབས་ནཱ་གའོ་བཀྲ་ཀ་ཤིས་ (Mr. Nagao Takashi) ལགས། རྩོམ་པ་པོ་དང་འཆད་ཁྲིད་དགེ་རྒན་སྐུ་ཞབས་ (Bando Tadanobu) ལགས། ཁྲིམས་བཟོ་ལྷན་ཁང་གི་འཐུས་མི་སྐུ་ཞབས་ (Yoshida Koichiro, Nakanoku legislative member) བཅས་བགྲོ་གླེང་ནང་མཉམ་ཞུགས་གནང་ཡོད།
དེ་ཡང་བགྲོ་གླེང་པ་རྣམས་ཀྱིས་བོད་ཀྱི་གནད་དོན་ཐད་ཆུ་ཚོད་གཅིག་རིང་བགྲོ་གླེང་དང་དྲི་བ་དྲི་ལན་གནང་ཡོད་པ་དང་། བགྲོ་གླེང་ཐོག་མཉམ་ཞུགས་གནང་མཁན་ཉི་ཧོང་པ་རྣམས་ཀྱིས་བོད་མིའི་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས་ཡོད།
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བགྲོ་གླེང་ཐོག་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་གནང་ཡོད་པ་དང་། ཁོང་གིས་ད་ལྟའི་བོད་ནང་གི་གནས་སྟངས་ནི་དེ་སྔ་ཕྱི་ལོ་ ༡༩༦༠ རེ་གྲངས་ཀྱི་རིག་གནས་གསར་བརྗེའི་དུས་སྐབས་དང་གཅིག་མཚུངས་ཡིན་སྐོར་དང་། རྒྱ་ནག་གཞུང་གིས་བོད་མཐོ་སྒང་དེ་བཞིན་དམག་ས་ལྟ་བུར་བཟོ་ཡི་སྐོར་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དང་རིག་གཞུང་བཅས་ཀྱི་རང་དབང་ལ་དྲག་གནོན་ཤུགས་ཆེ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།
དེ་བཞིན་རང་ལུས་མེར་བསྲེགས་དང་འབྲེལ་བའི་གནད་དོན་ཐད་བཀའ་འདྲི་གནང་སྐབས་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕྱི་ལོ་ ༢༠༠༩ ནས་བཟུང་བོད་མི་ ༡༥༥ ལྷག་གིས་རང་ལུས་མེར་སྲེག་གནང་སྟེ་རྒྱ་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་དང་། རྒྱལ་སྤྱིའི་མང་ཚོགས་ནས་བོད་མིའི་དྲང་བདེན་གྱི་དགོས་འདུན་ལ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་ཡོད་སྐོར་དང་འབྲེལ། བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་དང་དམ་དྲག་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པར་བརྟེན་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ་བྱེད་རྒྱུའི་ཐབས་ལམ་ཉག་གཅིག་ནི་རང་ལུས་མེར་སྲེག་གཏོང་རྒྱུ་ལས་གཞན་མེད་སྐོར་འགྲེལ་བརྗོད་གནང་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༥ ལོར་རང་ལོ་ ༢༥ ཡིན་པའི་བོད་མི་ཤུར་མོ་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ལོ་ལྔའི་རྗེས་ཏེ་འདི་ལོའི་ཕྱི་ཟླ་ ༡ ནང་ཕྱིར་བསྒྲགས་བྱུང་ཡོད་སྐོར་དཔེ་མཚོན་དྲངས་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་སྔ་རྗེས་སུ་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལ་བཀག་འགོག་དང་ངོ་རྒོལ་གྱི་བྱེད་ཐབས་དེ་རིགས་མི་སྤེལ་བའི་སྐུལ་མ་བྱེད་བཞིན་ཡོད་ཀྱང་རྒྱ་ནག་གཞུས་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་བོད་མི་རྣམས་ལ་ཛ་དྲག་གི་བྱེས་ཐབས་དེ་འདྲ་ཞིག་མི་སྤྱོད་ཀ་མེད་བྱུང་གི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།
དེ་བཞིན་དྲ་ཐོག་གི་བགྲོ་གླེང་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་པའི་ཡང་སྲིད་དང་། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་ནས་ད་ཆ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་གནད་དོན་སོགས་ལ་གྲོས་བསྡུར་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱ་ནག་གཞུས་ཀྱིས་བོད་མིའི་ཆོས་ཕྱོགས་ཀྱི་གནད་དོན་ལ་ཐེ་བྱུས་བྱེད་ཀྱི་སྐོར་དང་། རྒྱ་ནག་གཞུས་གིས་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཁོང་གི་ཕ་མ་དང་དགེ་རྒན་རྣམས་བཙན་འཁྲིད་བྱས་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།
བགྲོ་གླེང་ནང་མཉམ་བཞུགས་གནང་མཁན་རྣམས་ཀྱིས་བོད་མིའི་འཐབ་རྩོད་ལ་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་ཡོད་སྐོར་གསུངས་ཏེ་རང་ལུས་མེར་བསྲེགས་དང་། ཡང་སྲིད། དེ་བཞིན་རྒྱ་གཞུང་གིས་བོད་མཐོ་སྒང་དེ་བཞིན་དམག་ས་ལྟ་བུར་བཟོ་ཡི་ཡོད་པའི་གནད་དོན་རྣམས་རྒྱལ་སྤྱིའི་ནང་གོ་རྟོགས་ཡོང་བ་བྱ་དགོས་སྐོར་སོགས་གསུངས་ཡོད།
མཐར་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཉི་ཧོང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། ཉི་ཧོང་གཞུང་གིས་གཙོས་མི་མང་རྣམས་ཀྱིས་བོད་དོན་ཐད་རྒྱབ་སྐྱོར་མུ་མཐུད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཉི་ཧོང་གཞུང་ནས་ཨ་རི་གཞུས་ཀྱིས་གཏན་འབེབས་གནང་བའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་དང་། བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ལྟ་བུའི་ཁྲིམས་གཏན་འབེབ་ཡོང་བའི་རེ་སྐུལ་ཞུས་ཡོད་པ་བཅས། །