ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༥ རེས་གཟའ་ཟླ་བ། ༄༅། །ཉི་ཧོང་བོད་རིགས་ཚོགས་པ་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་ཟུང་སྦྲེལ་གྱིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་ཉི་ཧོང་གི་རྒྱལ་ས་ཊོ་ཀི་ཡོ་དང་། གྲོང་ཁྱེར་ན་ག་ནོ། (Nagano) ཨོ་ས་ཀ། (Osaka) བཅས་ཀྱི་ནང་ཡོད་པའི་བོད་མི་དང་། དེ་བཞིན་ཧྥོ་ཀུའོ་ཀ་ (Fukuoka) ས་ཁུལ་སོགས་ནས་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་མཉམ་ཞུགས་གནང་སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༢ སྲུང་བརྩི་ཞུས་པ་དང་འབྲེལ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད། བོད་མི་དང་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་འདས་པའི་ལོ་ངོ་ ༦༢ རིང་རྒྱ་ནག་གི་བཙན་གནོན་འོག་བོད་མི་རྒྱལ་གཅེས་པ་འདས་གྲོངས་སུ་གྱུར་བ་རྣམས་ལ་ངག་བཅད་སྐར་མ་གཅིག་རིང་གནང་རྗེས་བོད་ཀྱི་རྒྱལ་གླུ་དང་བདེན་ཚིག་སྨོན་ལམ་གསུང་འདོན་གནང་གྲུབ་མཚམས་ཞི་བའི་ངོ་རྒོལ་གནང་ཡོད།ཉི་ཧོང་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་ལྡན་ལགས་ཀྱིས། གཞིས་ལུས་བོད་མི་རྣམས་ཀྱིས་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་བཞིན་པར་གདུང་སེམས་མཉམ་སྐྱེའི་གསུང་བཤད་གནང་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལགས་ཀྱིས། ཕྱི་ལོ་ ༢༠༠༨ ལོར་བོད་ནང་བོད་མི་ཚོས་ཞི་རྒོལ་ཆེན་པོ་གནང་རྗེས་རྒྱ་ནག་གཞུང་གིས་མུ་མཐུད་བོད་མི་རྣམས་ལ་དྲག་གནོན་བྱས་དང་བྱེད་བཞིན་ཡོད་པར་བརྟེན་ད་བར་བོད་མི་གྲངས་ ༡༥༥ ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད། ཅེས་གསུངས།
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། བོད་མིའི་སྒྲིག་འཛུགས་ཀྱི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་སྒྲོགས་སྦྱང་གནང་རྗེས་ཉི་ཧོང་གཞུང་མང་གཉིས་ཀྱིས་བོད་མིའི་འཐབ་རྩོད་ཀྱི་རང་དབང་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་པ་དང་འབྲེལ་རྒྱ་ནག་གི་འབྲེལ་ཡོད་འགོ་ཁྲིད་རྣམས་ལ་བོད་དང་། ཤར་ཏུར་ཀི་སི་ཐན། ལྷོ་སོག་པོ། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། མང་གཙོ་སོགས་ཀྱི་ཐོག་དྲག་གནོན་བྱེད་བཞིན་པར་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་ཡོད། ཉི་ཧོང་དགེ་འདུན་པའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་(Super Sangha Tibet support group) གྲྭ་ཀོ་བྷ་ཡ་ཤེ་ (Kobayashi Shuei) ལགས་ཀྱིས་རྒྱ་ནག་གི་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་པའི་བོད་མི་དང་། ཡུ་གུར། ལྷོ་སོག་པོ་རྣམས་ལ་རྒྱབ་སྐྱོར་གནང་དགོས་པའི་དྲན་གསོ་གནང་ཡོད།
བོད་མི་དང་ཉི་ཧོང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ལག་ཏུ་བོད་ཀྱི་རྒྱལ་དར་འཁྱེར་ནས་ཊོ་ཀི་ཡོ་ཨ་ས་ཀུ་ས་ (Tokyo Asakusa) གཞུང་ལམ་དུ་རྒྱ་ནག་གཞུང་གིས་བོད་ནང་མི་གསོད་ཁྲག་སྦྱོར་མཚམས་འཇོག་དང་། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དོ་སྣང་གནང་དགོས་པའི་སྐད་འབོད་གནང་ཡོད། ཕྱི་ཟླ་ ༣ ཚེས་ ༡༠ སྔོན་ལའང་ཉི་ཧོང་བོད་རིགས་སྤྱི་མཐུན་ཚོགས་པ་དང་བོད་རང་བཙན་སློབ་ཕྲུག་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་ནས་ཊོ་ཀི་ཡོའི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཞི་བའི་སྐད་འབོད་གནང་སྟེ་ཡིག་སྒམ་ནང་ཞུ་སྐུལ་སྙན་ཐོ་གནང་ཡོད་པ་པབཅས།།