ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༡ རེས་གཟའ་ཕུར་བུ།༄༅། །ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཁང་ཐོག་ཏུ་ལོ་རྒྱུས་ནང་ཐེངས་དང་པོ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་སྟེ་བོད་རང་དབང་སྒེར་ལངས་བྱས་ནས་མི་ལོ་ ༦༢ འཁོར་བའི་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུས་ཡོད།
གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ (Miloš Vystrčil) མཆོག་དང་གྲོས་ཚོགས་གོང་མའི་གོ་སྒྲིག་ཚོགས་ཆུང་གཉིས་ཀྱིས་རྒྱལ་ས་པ་རག་ (Prague) ནང་གི་ (Valdštejn Palace) ཁང་ཐོག་ཏུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་རྒྱུ་ཐག་གཅོད་གནང་ཡོད།
དེ་ཡང་ས་གནས་ཀྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་གྲོས་ཚོགས་གོང་མའི་ཚོགས་གཞོན་སྐུ་ཞབས་ (Jiri Ruzicka) མཆོག་གིས་ཅེག་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ (Premysl Rabas) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ (Marek Hilser Petr) མཆོག སྐུ་ཞབས་ (Štěpánek) མཆོག དེ་བཞིན་ཅེག་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ལྕམ་སྐུ་ (Katerina Bursik Jacques) ལགས་བཅས་མཉམ་ཞུགས་གནང་སྟེ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་གནང་ཡོད་པ་དང་། ཏོག་དབྱིབས་གཉན་རིམ་ཀྱི་གནས་སྟངས་འོག་མི་མང་འདུ་འཛོམས་ལ་ཚོད་འཛིན་བྱེད་དགོད་བྱུང་ཡོད།ཉིན་དེར་ཅེག་གྲོས་ཚོགས་གོང་མས་གསར་འགོད་གསལ་བསྒྲགས་ཤིག་གནང་བའི་ནང་། བོད་ཀྱི་རྒྱལ་དར་ལས་རིམ་ཀྱི་ཆ་ཤས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་པ་ནི་ལོ་ངོ་ ༦༢ གོང་བོད་ཀྱི་རྒྱལ་ས་ལྷ་སར་དྲག་གནོན་འོག་བོད་རང་དབང་སྒེར་ལངས་ནང་རྐྱེན་ལམ་དུ་ཤོར་བའི་འདས་པོ་རྣམས་ལ་དྲན་གསོ་ཞུ་ཆེད་ཡིན་ཞེས་འཁོད་ཡོད།
དེ་བཞིན་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་ (Miloš Vystrčil) མཆོག་གིས་གསུང་དོན། བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་དེ་འདྲ་བའི་ལས་རིམ་སྣེ་ཁྲིད་བྱེད་པ་ནི་དོན་མེད་ཀྱི་རྣམ་པ་ཞིག་མིན། རང་དབང་ལྡན་པའི་རྒྱལ་ཁབ་ཁག་གི་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཆབ་སྲིད་ཀྱི་རྒྱབ་སྐྱོར་ནི་བོད་མི་ཚོར་གལ་འགངས་ཆེན་པོ་ཞིག་རེད་ཅེས་དང་། དེ་བཞིན་ཁོང་གིས་ཕྱི་ལོ་ ༡༩༩༨ གོང་ནས་གྲོས་ཚོགས་གོང་མའི་འཐུས་མི་ (Petr Pithart) མཆོག་གི་སྣེ་ཁྲིད་འོག་གྲོས་ཚོགས་འཐུས་མི་རྣམས་ཀྱིས་རྒྱ་ནག་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་དགོས་པ་བཀའ་ཁྱབ་བཏང་ཡོད་སྐོར་དྲན་སྐུལ་ཡང་གནང་ཡོད།དེ་རྗེས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ (Jiří Růžička) མཆོག་གིས་བོད་ནང་གྱི་བོད་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ཐོག་གསུང་དོན། དེ་རིང་ང་ཚོས་དུས་ཚོད་ཏོག་ཙམ་སྤྱད་དེ་འཛམ་གླིང་གི་ཁེ་ཕན་ལས་ཟུར་དུ་ལྷག་པ། རི་བོ་མང་པོའི་རྒྱང་ཐག་ཡོད་པའི་ཞུམ་མེད་ཀྱི་རྒྱལ་ཁབ་ཆུང་ཆུང་དེས་རང་དབང་དང་རང་ཉིད་ཀྱི་ཐག་གཅོད་བྱེད་དབང་གི་ཐོབ་ཐང་གཅིག་པུའི་ཆེད་འཐབ་རྩོད་མི་བྱེད་པར་རང་ཉིད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཆེད་འཐབ་རྩོད་བྱེད་ཀྱི་ཡོད་པའི་ཐོག་བསམ་གཞིག་བྱེད་དགོས་སྐོར་སོགས་གསུངས།
དེ་བཞིན་ཅེག་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ (Přemysl Rabas) མཆོག་གིས་མང་གཙོའི་རྒྱལ་ཁབ་རྣམས་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་དགོས་པའི་རེ་སྐུལ་དང་རང་དབང་མེད་པའི་རྒྱལ་ཁབ་རྣམས་ལ་རྒྱབ་སྐྱོར་བྱེད་དགོས་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད།བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་ལས་འགུལ་དེར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་གསུང་དོན། ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མས་ད་ལན་ལོ་རྒྱུས་རང་བཞིན་ལྡན་པའི་ལས་འགུལ་དེ་ལྟ་བུ་སྤེལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གྲོས་ཚོགས་གོང་མའི་ཁང་ཐོག་ཏུ་བོད་ཀྱི་རྒྱལ་དར་ཐེངས་དང་པོ་སྒྲེང་འཛུགས་གནང་བ་དེས་ལོ་ངོ་ ༦༢ རིང་རང་དབང་ཆེད་ཚེ་སྲོག་ཤོར་བའི་བོད་མི་རྣམས་ལ་ཆེ་བསྟོད་དང་དྲན་གསོ་ཞུས་ཡོད། བོད་ཀྱིས་གཙོས་འཛམ་གླིང་ནང་ཞི་བདེ་དང་དྲང་བདེན་ཁྱབ་གདལ་འགྲོ་ཆེད་རྒྱལ་དར་དེ་ལྷབ་ལྷབ་གཡོ་བར་ཤོག་ཅེས་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་གསུངས།
སུད་སི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་ཅེག་གྲོས་ཚོགས་གོང་མའི་ཚོགས་གཙོ་དང་ཚོགས་གཞོན། དེ་བཞིན་གྲོས་ཚོགས་གོང་མའི་འཐུས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ཅེག་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་ལྷག་པར་ཚོགས་པའི་དྲུང་ཆེ་ (Katerina Bursik Jacques) ལགས་ཀྱིས་ད་ལན་ལོ་རྒྱུས་རང་བཞིན་ལྡན་པའི་ལས་འགུལ་སྣེ་ཁྲིད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཐེངས་འདིའི་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་དང་། དེས་བོད་མི་རྣམས་ལ་རྒྱབ་སྐྱོར་བྱེད་རྒྱུའི་བརྡ་ལན་ནུས་ལྡན་ཞིག་བཏང་ཡོད་སྐོར་དང་། བརྡ་ལན་དེས་བོད་ནང་རྒྱ་ནག་གཞུང་གི་མནར་གཅོད་མྱོང་བཞིན་པའི་བོད་མི་རྣམས་ལ་རེ་བ་དང་། གདུང་སེམས་མཉམ་སྐྱེ། སྟོབས་ཤུགས་སོགས་སྦྱིན་ཡོད་སྐོར་གྱི་གསུང་བཤད་གནང་སྟེ་ཚང་མར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས། །