ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༨ རེས་གཟའ་ཟླ་བ། ༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༨ ཉིན་མོ་འདི་བཞིན་རྒྱ་ནག་གཞུང་ནས་ཕྱི་ལོ་ ༡༩༨༩ ལོར་བོད་ཀྱི་བདག་པོ་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་ཁྲིམས་གཞི་བསྡམས་པ་ནས་བཟུང་ད་བར་མནར་གཅོད་དང་གཉའ་གནོན། བཤུ་གཞོག་འོག་བོད་རིགས་རྒྱལ་གཅེས་སེར་སྐྱ་ཕོ་མོ་རྒན་བྱིས་གྲངས་ལས་འདས་པ་ཞིག་དུས་མིན་རྐྱེན་ལམ་དུ་བཏང་བ་དང་། ཉེས་མེད་ཁྲི་ཚོ་མང་པོར་བཙོན་འཇུག་དང་མནར་གཅོད། དེ་བཞིན་གར་སོང་ཆ་མེད་བཟོས་པ་སོགས་ཀྱི་ཀླ་ཀློའི་བྱ་སྤྱོད་འོག་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པར་བརྟེན། བོད་ནང་གི་རྒྱལ་གཅེས་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། ཁོང་རྣམ་པའི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་སྐྱེ་ཞུ་ཆེད་དང་། ལྷག་པར་སྐུ་གཤེགས་རྒྱལ་གཅེས་པ་རྣམས་ཀྱི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་ལྟུང་ཅི་མཆིས་བྱང་ཞིང་དག་སྟེ་འཕགས་མཆོག་སྤྱན་རས་གཟིགས་ཀྱིས་མཉེས་བཞིན་རྗེས་སུ་བཟུང་བའི་མཐུ་ལ་བརྟེན་ནས་མངོན་མཐོའི་རྟེན་བཟང་རིམ་བརྒྱུད་མཐར་ཐུག་སྐུ་བཞི་ཡེ་ཤེས་ལྔ་ལྡན་གྱི་གོ་འཕང་མྱུར་དུ་འཐོབ་པ་དང་། པཎ་ཆེན་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་དབུས་བླ་སྤྲུལ་དགེ་བཙུན་སྔགས་གསུམ་དང་། སྐྱ་བོ་རྒན་བྱིས་བར་གསུམ་བཅས་མནར་གཅོད་མྱོང་བཞིན་བཙོན་དོང་དུ་ཡོད་པ་རྣམས་མྱུར་དུ་བཙོན་བཀྲོལ། དེ་བཞིན་རྒྱལ་གཅེས་སྐུ་གཤེགས་རྣམས་ཀྱི་བྱས་རྗེས་དང་། གསོད་རྡུང་བཀོལ་གསུམ་གྱི་དྲག་གནོན་འོག་མནར་གཅོད་མྱངས་དང་མྱོང་མུས་ཀྱི་རྒྱལ་ཞེན་སྙིང་སྟོབས་ལྡན་པའི་ཕོ་མོ་རྒན་བྱིས་བར་གསུམ་གྱིས་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་དང་། དེ་དག་གི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་བཀའ་དྲིན་རྗེས་དྲན་མཚོན་སླད་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་བཀའ་འབྲེལ་འོག་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་མཆོད་འབུལ་སྨོན་ལམ་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་དང་དྲུང་འཕར་རྣམ་པ་བཅས་ཚང་འཛོམས་ཀྱིས་ཆུ་ཚོད་ ༡༡ བར་སྨོན་ལམ་གསུང་འདོན་གནང་ཡོད།མཆོད་འབུལ་སྨོན་ལམ་གྲོལ་མཚམས་ཆོས་རིག་བཀའ་བློན་གཡུ་ཐོག་དགེ་ལེགས་མཆོག་གིས་གསར་འགོད་པར་གསུང་བཤད་གནང་དོན། དེ་རིིང་ཚང་མའི་མཁྱེན་གསལ་ལྟར། ཕྱི་ལོ་ ༡༩༨༩ ནས་བཟུང་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༨ ཉིན་གཞུང་འབྲེལ་ཐོག་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བརྒྱད་མཆོད་འབུལ་སྨོན་ལམ་ཚོགས་ཀྱི་ཡོད། ན་ནིང་ནས་བཟུང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པའི་གཙུག་ལག་ཁང་དུ་ཚོགས་མི་ཐུབ་པར་བརྟེན། གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས། ལྷན་ཁང་ཁག་གི་དྲུང་ཆེ་དང་དྲུང་འཕར་བཅས་ཚང་འཛོམས་ཀྱིས་མཆོད་འབུལ་སྨོན་ལམ་ཚོགས་པ་དང་། གཞན་ཟུང་དྲུང་མན་གྱི་སྲི་ཞུའི་ལས་བྱེད་རྣམས་ལས་ཁུངས་སོ་སོར་སྨོན་ལམ་གསུང་འདོན་གནང་ཡོད།གསུམ་བརྒྱད་མཆོད་འབུལ་འདི་བཞིན་ཚང་མའི་མཁྱེན་གསལ་ལྟར། ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༨ ཉིན་རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ནང་དྲག་པོའི་དམག་ཁྲིམས་བསྡམས་པའི་དྲན་གསོ་རེད། ད་ལོར་མཚོན་ན་ལོ་ངོ་སོ་གཉིས་ཆགས་ཀྱི་ཡོད། བོད་ནང་དྲག་པོའི་དམག་ཁྲིམས་བསྡམས་ཏེ་བོད་མི་བརྒྱ་ཕྲག་མང་པོ་དམར་གསོད་བཏང་བ་དང་། བོད་མི་སྟོང་ཕྲག་མང་པོ་ལྷག་འཛིན་བཟུང་བྱས་ཡོད། སྐབས་དེ་དུས་སྐྱ་སེར་ཕོ་མོ་རྒན་བྱིས་མང་དག་ཅིག་སྐུ་སྲོག་ཤོར་བ་དང་རྨས་སྐྱོན་བྱུང་བ། བཙོན་འཇུག་བྱས་པ། ལྷག་པར་ད་ལྟའང་བཙོན་ཁང་ནང་དུ་ཡོད་མཁན་རྣམས་དང་དེ་དག་གི་རྗེས་ཤུལ་ནང་མི་སྤུན་ཉེ་རྣམས་ལ་བཀའ་དྲིན་རྗེས་དྲན་དང་གདུང་སེམས་མཉམ་སྐྱེ་མཚོན་སླད་མཆོད་འབུལ་སྨོན་ལམ་ལོ་ལྟར་ཚོགས་ཀྱི་ཡོད།
ཇི་སྲིད་བོད་བདེན་མཐའ་མ་གསལ་བར་དུ་དེ་རིགས་ནམ་ཡང་མི་བརྗེད་པ་རྟག་པར་བྱེད་དགོས་ཀྱི་ཡོད། མཆོད་འབུལ་དེ་གསུམ་བརྒྱད་མཆོད་འབུལ་ཙམ་མིན་པར་སྐབས་དེ་དུས་ནས་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་བྱུས་ངན་པ་ལག་བསྟར་སྤེལ་ཡོད། ཕྱི་ལ་ོ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་བོད་ནང་ཞི་རྒོལ་ལངས་ནས་རིམ་པར་ཕྱི་ལོ་ ༡༩༨༩ ཟླ་ ༣ འཆར་ལ་ཉེ་བའི་སྐབས་གསུམ་བཅུ་དུས་དྲན་གྱི་དམ་བསྒྲགས་བྱས་པ་རེད། དེ་ནས་ཕྱི་ཚེས་ ༥ ཉིན་ཞི་རྒོལ་ཆུང་ཚགས་རིགས་བྱུང་ཡོད། ཕྱི་ལོ་ ༡༩༨༩ ཟླ་ ༣ ཚེས་ ༡༠ ཉིན་ངོ་རྒོལ་ཤུགས་ཆེན་པོ་ལངས་རྒྱུ་ཡིན་པ་བསམ་སྟེ་རྒྱ་ནག་གཞུང་གིས་དྲག་པོའི་དམག་ཁྲིམས་བསྡམས་ཡོད་པ་གསལ་པོ་རེད། མདོར་ན་ཕྱི་ལོ་ ༡༩༨༧ ནས་བཟུང་བོད་ནང་ཞི་བའི་ལས་འགུལ་ལངས་པར་བརྟེན་བོད་ཀྱི་བདག་པོ་བོད་མིའི་ཐོག་མི་སྤྱོད་ལས་འདས་པའི་དྲག་གནོན་གྱི་ཁྲིམས་གཞི་བསྡམས་པའི་དུས་དྲན་ཞིིག་ཆགས་ཀྱི་ཡོད། དུས་ཚོད་འདི་བཞིན་ནམ་ཡང་བརྗེད་ཐབས་མེད་པའི་དུས་ཡིན། ཞེས་གསུངས། །