ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༠ རེས་གཟའ་ལྷག་པ། ༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༡༠ ཉིན་རྡ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གངས་ཅན་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་སེར་སྐྱ་ཡོངས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་བཙན་འཛུལ་བར་ཞི་རྒོལ་ཆེད་རང་དབང་སྒེར་ལངས་བྱས་པའི་དུས་དྲན་ཐེངས་ ༦༢ དང་། རྒྱལ་གཅེས་དཔའ་བོ་དཔའ་མོ་ཉིན་མོའི་གཞུང་འབྲེལ་མཛད་སྒོ་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོར་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། རང་དབང་ཅན་གྱི་ལས་ཁུངས་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ། དེ་བཞིན་དྲུང་གཞོན་ཡན་གྱི་སྲི་ཞུའི་ལས་བྱེད་བཅས་ལྷན་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་ཕུལ་གྲུབ་མཚམས་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་པ་ཕོ་མོ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། མྱ་ངན་གུས་འདུད་སླད་ངག་བཅད་སྐར་མ་གཅིག་རིང་ཞུས་གྲུབ་བསྟུན་བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་གསུམ་བཅུའི་དྲན་གླུ་དང་མི་མང་ལངས་གླུ་བཏང་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་།དེ་ནས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་དོན། སྲིད་སྐྱོང་གི་ཡོངས་ཁྱབ་གསུང་འཕྲིན་བོད་ཡིག་ཐོག་ཡོད་པ་མ་ཟད། དྲ་རྒྱ་བརྒྱུད་གཟིགས་ཐུབ་ཀྱི་ཡོད་སྟབས་ཀློག་མི་དགོས་པར་སྙིང་བསྡུས་ཤིག་ཞུ་ན་བསམ་སོང་། ད་ལམ་གསུམ་བཅུའི་དུས་དྲན་ཐོག་མི་མང་ལངས་གླུ་བཏང་ཡོད། བཀའ་ཤག་ནང་བཀའ་བསྡུར་བྱུང་སྟེ་གནད་འགག་ཅིག་མཐོོང་ཡོད། གང་ལ་ཞེ་ན། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གྲངས་ལོར་བོད་ལུང་པ་ཤོར་བའི་སྐབས་དང་མ་ཤོར་བའི་གོང་། ཤོར་ཟིན་པའི་རྗེས་མི་ཐོག་རྒན་པ་རྣམས་ཀྱི་ཚོར་བ་གང་ཡོད་པ་དང་། ༸གོང་ས་མཆོག་ལ་དད་གུས་དང་བརྩི་བཀུར། རྒྱ་ནག་གཞུང་གིས་བོད་ནང་ཇི་ལྟར་དྲག་གནོན་གདུག་རྩུབ་བཏང་བ་དང་ད་ལྟའང་བཏང་དང་གཏོང་བཞིན་པའི་ན་ཚ་ཇི་ལྟར་ཡོད་སྐོར་ཐད་ང་ཚོའི་དྲན་གསོ་བྱེད་དགོས་ཀྱི་ཡོད། མི་མང་ལངས་གླུ་བཏང་བའི་སྐབས་ཚིག་ནང་གསལ་པོ་འཁོད་ཡོད། ལོངས་ཤོག་ཅེས་ཟེར་ཡོང་དུས། གདོང་ལེན་དང་རྒྱབ་སྐྱོར། དད་གུས། བརྩི་བཀུར། རྡོག་རྩ་ཆིག་སྒྲིལ་བྱ་ཡུལ་སུ་ཡིན་པ་ཧ་ཅང་གསལ་པོ་འཁོད་ཡོད། ད་ཆ་ང་ཚོའི་སྤྱི་ཚོགས་ནང་གདོང་ལེན་བྱེད་དགོས་སར་མི་བྱེད་པར་ནང་ཁུལ་རྩོད་གླེང་བྱེད་ཀྱི་འདུག གདོང་ལེན་བྱེད་དགོས་སར་གདོང་ལེན་བྱེད་དགོས། ད་ལམ་གསུམ་བཅུའི་དུས་དྲན་ཐེངས་ ༦༢ ཡིན། རྒྱ་ནག་གཞུང་གིས་བོད་ལུང་པ་འཛིན་བཟུང་བྱས་ཏེ་བོད་མིར་གདུག་རྩུབ་མནར་གཅོད་བཏང་ནས་ལོ་ངོ་ ༦༢ འགྲོ་གི་ཡོད། ད་དུང་ཡང་གཞིས་བཞུགས་བོད་མི་རྣམས་ཀྱིས་རང་གི་ཆོས་དང་རིག་གཞུང་། སྐད་ཡིག མི་རིགས་བཅས་ཀྱི་ཆེད་ལས་འགུལ་སྣ་མང་སྤེལ་གྱི་ཡོད།རྒྱ་ནག་གཞུང་གིས་ད་ལྟའང་བཙོན་ཁང་ནང་རྡུང་རྡེག་མནར་གཅོད་ཚད་མེད་བཏང་ནས་བོད་མི་བཙོན་པ་མང་དག་བཀྲོངས་ཡོད། དེ་རིགས་ང་ཚོས་དེ་རིང་དུས་ཉིན་དྲན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན་ཐོག་འཁོད་པ་ལྟར། ཕྱི་ལོ་ ༡༩༥༩ ཟླ་ ༣ པའི་ནང་༸གོང་ས་མཆོག་རྒྱ་མིའི་དམག་སྒར་ལ་ཟློས་གར་གཟིགས་འབུལ་ཞུ་རྒྱུའི་གཡོ་བྱུས་འོག་ནས་འཛིན་བཟུང་བཙན་འཁྲིད་བྱེད་འཆར་ཡོད་པའི་དོགས་གཞི་ཆེན་པོ་བྱུང་སྟེ། ཚེས་ ༡༠ ཉིན་གྱི་སྔ་དྲོ་ནས་ནོར་གླིང་ལྕགས་རིའི་ཕྱི་ངོས་སུ་ཆོལ་གསུམ་བོད་མི་སྟོང་ཕྲག་མང་པོའི་སྐད་སྒྲ་ཁེངས་ཤིང་ཟང་ཟིང་དུ་གྱུར་ཡོད་པ་མ་ཟད། རྒྱ་མི་ཕྱིར་ལོག་དགོས། བོད་ནི་བོད་མིའི་ཡིན། ཞེས་པ་སོགས་ཀྱི་སྐད་འབོད་གནང་སྟེ། ༸གོང་ས་མཆོག་རྒྱ་མིའི་དམག་སྒར་ལ་ཕེབས་རྒྱུ་འགོག་ཐབས་སུ་ཞི་བའི་སྒེར་ལངས་གནང་ཡོད།
དེ་ནས་ཉི་མ་འགྲོ་རིམ་བཞིན་གནས་ཚུལ་ཛ་དྲག་ཏུ་ཕྱིན་ཏེ། ཕྱི་ཚེས་ ༡༦ ཉིན་རྒྱ་མིས་ཕོ་བྲང་ལ་མེ་སྒྱོགས་རྒྱག་གྲབས་ཡོད་པའི་དོགས་གཞི་གཅིག་མཇུག་གཉིས་མཐུད་བྱུང་ཞིང༌། དགོང་དྲོ་ཆུ་ཚོད་བཞི་པ་ཙམ་ལ་རྒྱ་མིའི་སྡོད་སྒར་གྱི་ཉེ་འཁོར་ནས་མེ་སྒྱོགས་གཉིས་ཀྱི་སྒྲ་ཐོས་ཤིང༌། ཕོ་བྲང་གི་བྱང་སྒོའི་ཕྱི་ངོས་ཀྱི་འདམ་རྫབ་ནང་སྒྱོགས་མདེལ་ལྷུང་བ་བྱུང་ཡོད་སྟབས། ཕྱི་ཚེས་ ༡༧ མཚན་མོ་ལྷ་ལྡན་ཞལ་གྱེས་ནས་བཙན་བྱོལ་ལ་མ་ཕེབས་ཐབས་མེད་ཆགས་ཡོད། དེ་ནས་མེ་སྒྱོགས་དང་མེ་མདའ་དྲག་ཆར་བཞིན་འཕངས་ཏེ། བོད་མི་སྟོང་ཕྲག་མང་པོ་བསད་རྨས་བཏང་ཡོད། གནས་སྟངས་མང་པོའི་བོད་མི་ས་ཡ་མང་པོ་འདས་གྲོངས་སུ་གྱུར་ཡོད།
གནས་ཚུལ་དེ་རིགས་རྒྱ་ནག་ཡིག་ཆའི་ནང་བོད་མི་སྟོང་ཕྲག་བརྒྱད་ཅུ་གྱ་བདུན་ལྷག་ཙམ་བསད་ཡོད་སྐོར་འཁོད་ཡོད། རྒྱ་ནག་གཞུང་གིས་བོད་རྒྱ་སྡེ་བསྒྱུར་རྒྱུ་དང་བོད་ཡིག་རྒྱ་ཡིག་བསྒྱུར་རྒྱུ། བོད་མི་རྒྱ་མིར་བསྒྱུར་རྒྱུའི་སྲིད་བྱུས་ངན་པ་འདིང་བཞིན་ཡོད། བོད་ཀྱི་གནད་དོན་རྣམས་རྒྱལ་སྤྱིར་གོ་རྟོགས་རྒྱ་ཆེ་ཡོང་སླད་ང་ཚོའི་ངོས་ནས་རྒྱ་ནག་གཞུང་གིས་གཞིས་བཞུགས་བོད་མིར་མནར་གཅོད་ཚད་མེད་གཏོང་བཞིན་ཡོད་སྐོར་གྱི་གནས་ཚུལ་དང་རྒྱ་ནག་གཞུང་གིས་བཙོན་ཁང་ནང་རྡུང་རྡེག་མནར་གཅོད་བཏང་སྟེ་བོད་མི་དགྲོང་བཞིན་ཡོད་སྐོར་སོགས་ཀྱི་གནས་ཚུལ། བོད་དོན་དང་འབྲེལ་བའི་གནས་ཚུལ་རྣམས་སྤྱི་ཚོགས་དྲ་རྒྱར་བརྒྱུད་སྤེལ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན།
ཨ་རིའི་གཞུང་ནས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གི་དུས་སྐབས་འདིར་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས་གནང་ཡོད། སྤྱིར་ཨ་རིའི་སྤྱི་མཐུན་ཚོགས་པ་དང་མང་གཙོ་ཚོགས་པ་གཉིས་དབར་མཐུན་གྱི་མེད་པ་ཚང་མས་མཁྱེན་གྱི་ཡོད། མཐུན་གྱི་མེད་བཞིན་དུ་བོད་དོན་ཐད་ནུས་པ་མཉམ་སྤུངས་ཀྱིས་བོད་ཇི་ཙམ་གལ་ཆེན་པོ་ཡིན་པའི་ཐོག་ཁྲིམས་འཆར་གཏན་འབེབས་གནང་ཡོད།
དེ་རིང་དུས་དྲན་ཐོག་དཔལ་ལྡན་ཚོགས་གཙོ་མཆོག་དང་སྲིད་སྐྱོང་གི་གསུང་བཤད་གནང་ཡོད། མི་འདྲ་བ་ཞིག་ལ་ལོ་རྒྱུས་ནང་ཨ་རིའི་གཞུང་གིས་ངོས་ལེན་གནང་པའི་བོད་མིའི་སྒྲིག་འཛུགས་ཀྱི་གྲོས་ཚོགས་ཀྱི་གསུང་བཤད་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་གཏམ་བཤད་དེ་ལོ་རྒྱུས་ནང་ཐེངས་དང་པོ་བཤད་ཀྱི་ཡོད།
བོད་རྩ་དོན་གྱི་གནད་དོན་རྣམས་རྒྱལ་སྤྱི་སྟེང་ཡོང་ཐུབ་པ་ནི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་རྗེ་བཀའ་དྲིན་དང་སྐུ་ངལ་འཛེམས་མེད་ལ་བརྟེན་ནས་བྱུང་བ་ཞིག་ཡོད། ང་ཚོར་གང་ཉིད་མཆོག་ལས་ལྷག་པ་སུ་གཅིག་མེད། ང་ཚོའི་ངོས་ནས་ལས་དོན་ཇི་འདྲ་ཞིག་བྱེད་པ་ཡིན་ནའང་མགོན་པོ་གང་ཉིད་མཆོག་གི་ཐུགས་དགོངས་མི་དཀྲུག་པར་བཀའ་དགོངས་གཞིན་སྒྲུབ་དགོས་ཀྱི་ཡོད།
གཞན་ཡང་སླེབ་ལ་ཉེ་བའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཐོག་བོད་ཀྱི་སྲོལ་རྒྱུན་བཟང་སྤྱོད་དང་མཐུན་པའི་སྒོ་ནས་གནང་དགོས་ཀྱི་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནས་དུས་སུ་ཆོལ་གསུམ་བོད་མི་ཡོངས་རྫོགས་རྡོག་རྩ་ཆིག་སྒྲིལ་དགོས་པའི་བཀའ་སློབ་ཕེབས་དོན་བཞིན། བོད་མི་ཡོངས་ཀྱིས་སྤྱི་དོན་སླད་ནུས་པ་མཉམ་སྤུངས་དང་རྡོག་རྩ་ཆིག་སྒྲིལ་སྔར་ལྷག་གནང་དགོས།
དེ་རིང་གི་གོ་སྐབས་འདི་བརྒྱུད་བོད་མི་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་རྒྱ་གར་དབུས་སའི་གཞུང་མང་གཉིས་དང་། བོད་དང་བོད་མིའི་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཁག་གི་གཞུང་དང་དབུ་ཁྲིད། གྲོས་ཚོགས་དང་གྲོས་ཚོགས་འཐུས་མི། ཚོགས་སྒེར་བཅས་ལ་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། ཁྱེད་རྣམ་པས་ཇི་སྲིད་བོད་གཞིས་བྱེས་གཉིས་མཉམ་འཛོམས་མ་བྱུང་བར་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་རེ་སྐུལ་ནན་པོ་ཞུ་རྒྱུ་ཡིན། ཞེས་གསུངས།
མཐར་བོད་ཀྱི་ཟློས་གར་ཚོགས་པས་བདེན་ཚིག་སྨོན་ལམ་གསུང་བསྐུལ་དང་འབྲེལ་ཚང་མ་སྐུ་བཞེངས་ཐོག་ཕྱག་གཉིས་ཐལ་མོ་སྦྱར་ཏེ་མཉམ་དུ་འུར་འདོན་གནང་སྟེ་གཞུང་འབྲེལ་མཛད་སྒོ་གྲོལ་ཡོད་པ་བཅས། །