ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢ རེས་གཟའ་མིག་དམར།
༄༅། །བོད་མཚོ་སྔོན་ཞིང་ཆེན་སྐྱེ་དགུ་མདོ་ཁྲི་འདུ་རྫོང་ཁོངས་ནས་འཛིན་བཟུང་བྱས་པའི་བོད་རིགས་མཐོ་རིམ་སློབ་མ་དགྲ་འདུལ་ལགས་ལ་བཀག་ཉར་ཁང་དུ་གཅར་རྡུང་དྲག་པོ་བཏང་སྟེ་རྐང་པ་གཉིས་བཅག་ནས་སྨན་ཁང་དུ་བསྐྱལ་ཡོད་འདུག
དེ་ཡང་གསར་འགྱུར་བརྒྱུད་ཁག་གཅིག་གིས་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཉེ་སྔོན་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་སྐྱེ་དགུ་མདོ་ཁྲི་འདུ་རྫོང་ཁོངས་ནས་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་སློབ་མ་གཉིས་བཅས་བོད་མི་གསུམ་གྱི་ནང་ནས་དགྲ་འདུལ་ལགས་སུ་བཀག་ཉར་ཁང་ནས་གཅར་རྡུང་ཚད་མེད་བཏང་རྐྱེན། རྐང་པ་གཉིས་བཅག་སྟེ་ད་ལྟ་ཟི་ལིང་གི་མི་མང་སྨན་ཁང་གཉིས་པའི་ནང་ཛ་དྲག་སྨན་བཅོས་བྱེད་བཞིན་ཡོད་འདུག
ཉིན་ཤས་སྔོན་ཁོང་གི་ནང་མིར་འབྲེལ་བ་བྱས་ཏེ། དགྲ་འདུལ་ལགས་ལ་གཤག་བཅོས་ཤིག་བྱེད་དགོས་པས་མི་གཉིས་ལས་མི་མང་བ་ཞིག་ནས་རྒྱ་སྒོར་ཁྲི་ ༤ འཁུར་ནས་སྨན་ཁང་དུ་ཡོང་དགོས་པ་དང་། གནས་ཚུལ་དེ་སུ་གཅིག་ལའང་བཤད་མི་ཆོག་པའི་བཀའ་རྒྱ་ཡང་བཏང་ཡོད་འདུག
ཁོང་ཚོ་གསུམ་འཛིན་བཟུང་བྱས་རྗེས། སངས་རྒྱས་མཚོ་ལགས་བུད་མེད་ཀྱི་བཀག་ཉར་ཁང་ཞིག་ཏུ་བཅུག་ཡོད་པ་དང་། ད་ལྟའི་བར་དུ་ཁོང་ཚོ་གསུམ་འཛིན་བཟུང་བྱེད་དགོས་དོན་སོགས་གང་ཡང་འགྲེལ་བརྗོད་བྱས་མེད་སྐོར་འབྲེལ་ཡོད་ནས་བརྗོད་བྱུང་།
ཕྱི་ཟླ་ ༢ ཚེས་ ༡༧ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༡༠ ཙམ་ཞིག་ལ་སྐྱེ་དགུ་མདོ་ཁྲི་འདུ་རྫོང་སྡོམ་མདའ་ཡུལ་ཚོའི་ཉེན་རྟོག་ལས་ཁུངས་གཉིས་མཉམ་འབྲེལ་ཐོག རྫ་རི་དཀར་མོའི་དགོང་ཚོགས་ཟེར་བའི་ཚོགས་གཙོ་ཀན་སྲི་དང་མཐོ་རིམ་སློབ་མ་སངས་རྒྱས་མཚོ། དགྲ་འདུལ་བཅས་སྡོམ་མདའ་ནས་འཇུ་བཟུང་བྱས་ཡོད་པ་དང་། དེ་ནས་བཟུང་གནས་ཚུལ་གང་ཡང་གོ་ཐོས་མེད་པར་གྱུར་ཡོད་ཀྱང་གློ་བུར་དུ་དགྲ་འདུལ་ལ་གཤག་བཅོས་བྱེད་དགོས་ལུགས་ཀྱི་བརྡ་འབྱོར་ཡོད་འདུག