ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ པ་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༤ ཉིན་དྲ་རྒྱ་བརྒྱུད་ཤྲི་ལངྐའི་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་དགོང་དྲོ་ཆུ་ཚོད་ ༥།༣༠ བར་ཤྲི་ལངྐའི་རྒྱལ་ས་ཀོ་ལོམ་བྷོ་ (Colombo) ནང་ཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་ཚོགས་གཙོ་གབ་ཇུ་ཆོས་ཇམ་སི་ (Gabju D. Choijamts) ལགས་དང་། ཚོགས་གཞོན་བྱང་ཆུབ་ཆོས་ལྡན་ལགས། དཱ་བླ་མ་ (Da Lama Kh) ལགས། དྲུང་ཆེ་བྷིམ་བྷ་ཇབ་ (Bymbajav) ལགས། དྲུང་གཞོན་བསོད་ནམས་དབང་ཕྱུག་ལགས། དེ་བཞིན་ཤྲི་ལངྐའི་སྲིད་འཛིན་སྐུ་ཞབས་གྷོ་ཊ་བྷ་ཡ་ར་ཇཱ་པག་ས་ (Gotabaya Rajapaksa) མཆོག་སོགས་མཉམ་ཞུགས་གནང་ཡོད། ཤྲི་ལངྐའི་གྲོས་ཚོགས་འཐུས་མི་ཝི་ཇེ་ཡ་དཱ་ས་ར་ཇཱ་པག་ཤེ་ (Wijeyadasa Rajapakshe) མཆོག་གིས་སྙིང་དོན་གཏམ་བཤད་གནང་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས་དྲ་རྒྱ་བརྒྱུད་ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ པའི་ཐོག་མཉམ་ཞུགས་གནང་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་དང་འབྲེལ་བའི་གཤམ་གསལ་ནད་དོན་གསུམ་གྱི་ཐོག་གསུང་བཤད་གནང་དོན།
༡༽ མ་འོངས་པར་དགའ་ལྡན་ཕོ་བྲང་གི་སྒྲིག་འཛུགས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྤྲུལ་ལམ་ལུགས་སྔར་མུས་བཞིན་རྒྱུན་གནས་ངེས་པར་དགོས་པ་དང་།
༢༽ ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐག་གཅོད་གནང་རྒྱུའི་དབང་ཆ་ཡོངས་རྫོགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གང་ཉིད་གཅིག་པུར་ཡོད་པ་ལས། གཞན་སྲིད་གཞུང་སོགས་སུ་ལའང་མེད། གལ་སྲིད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་༸རྒྱལ་བའི་ཡང་སྲིད་ངོས་འཛིན་དང་འདེམས་སྒྲུག་བྱས་པ་བྱུང་ཚེ། ཡང་སྤྲུལ་དེར་བོད་མི་རྣམས་ནས་ངོས་འཛིན་དང་དད་མོས་བྱ་རྒྱུ་མིན།
༣༽ ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཡང་སྲིད་འཚོལ་ཞིབ་དང་ངོས་འཛིན་ཐག་གཅོད་གནང་ཕྱོགས་ལོ་བརྒྱད་བརྒྱ་ལྷག་ཙམ་སྔོན་ནས་བྱུང་བའི་བོད་ལུགས་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ལམ་སྲོལ་ད་ལྟའི་བར་རྒྱུན་འཛིན་ལག་ལེན་བྱས་དང་བྱེད་མུས་ཡིན་པའི་བྱེད་ཐབས་དེ་ཉིད་ལ་བརྟེན་ནས་ངོས་འཛིན་ཞུ་རྒྱུ་ཡིན་པ་བཅས་ཀྱི་སྐོར་གསུངས་པར། ཨེ་ཤི་ཡའི་ནང་པའི་ཞི་བདེ་ཆོས་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༣ པའི་ཐོག་ཚོགས་མི་རྣམ་པས་སྤྱི་མོས་ཀྱིས་དེར་རྒྱབ་སྐྱོར་གནང་ཡོད་པ་མ་ཟད། གྲོས་ཆོད་གཞན་ཁག་གཅིག་གི་སྐོར་ལའང་སྤྱི་མོས་ཀྱིས་རྒྱབ་སྐྱོར་གནང་ཡོད་པ་བཅས།།