ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༥ རེས་གཟའ་ཕུར་བུ། ༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༢ རེས་གཟའ་ཟླ་བའི་ཉིན་ཨིན་ཡུལ་གྲོས་ཚོགས་འཐུས་མི་དང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཊིམ་ལུབ་ཊོན་ (Tim Loughton) མཆོག་གིས་གཙོ་སྐྱོང་འོག་དྲ་རྒྱ་བརྒྱུད་ཨིན་ཡུལ་གྲོས་ཚོགས་ནང་བོད་དོན་སྐོར་བགྲོ་གླེང་ཞིག་བསྐོང་ཚོགས་གནང་ཡོད།
དེ་ཡང་བགྲོ་གླེང་ཐོག་ཨིན་ཡུལ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་རི་སི་ལོ་ (Chris Law) མཆོག་དང་ན་ཝེན་དུ་མིཤ་ར་ (Navendu Mishra) མཆོག ཨིན་ཡུལ་ས་གནས་ལི་ཝར་པུལ་ ནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཌེ་ཝིཌ་ཨལ་ཊོན་ (David Alton) མཆོག གྲོས་ཚོགས་འཐུས་མི་པོ་ཌར་བྷོ་ཌོམ་ལི་ (Peter Bottomle) མཆོག གྲོས་ཚོགས་འཐུས་མི་ཝེ་ར་ཧོབ་ཧའུ་སི་ (Wera Hobhouse) མཆོག དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ། སྦིར་ཊན་བོད་རིགས་ཚོགས་པའི་ཚོགས་གཙོ་བཅས་མཉམ་ཞུགས་གནང་ཡོད།
སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀི་རི་སི་ལོ་མཆོག་དང་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་རྣམ་གཉིས་སླར་ཡང་ཨིན་ཡུལ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོར་འདེམས་ཐོན་བྱུང་བ་དང་སྐུ་ཞབས་ན་ཝེན་དུ་མིཤ་ར་མཆོག་ཚོགས་གཞོན་དུ་འོས་འདེམས་གནང་ཡོད།
བོད་རང་དབང་ལས་འགུལ་ཚོགས་པའི་སྐུ་ཞབས་ཇོན་ (John Jones) ལགས་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་། རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་རྣམས་ལ་རྡུང་རྡེག་མནར་གཅོད་ཚད་མེད་གཏོང་བཞིན་ཡོད་པ་དང་འབྲེལ། དཀོན་མཆོག་སྦྱིན་པ་ལགས་རྒྱ་གཞུང་གིས་བཙོན་ཁང་དུ་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་ནད་གཅོང་དུ་གྱུར་ནས་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༦ ཉིན་འདས་གྲོངས་སུ་གྱུར་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་གྲོས་ཚོགས་འཐུས་མི་རྣམས་ནས་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་གློད་བཀྲོལ་ཐོབ་ཡོད་ནའང་། ཁོང་གི་གནས་སྟངས་ཤེས་རྟོགས་ཐུབ་ཆེད་གྲོས་བསྡུར་ལྷུག་པོ་གནང་།
དེ་རྗེས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་གིས་ཕྱི་ཟླ་ ༥ པའི་ནང་སླར་ཡང་ཨིན་ཡུལ་གྲོས་ཚོགས་འོག་མའི་ནང་བོད་ནང་རང་དབང་ཐོག་ཕར་འགྲོ་ཚུར་འོང་ཆོག་པའི་ཁྲིམས་འཆར་ངོ་སྤྲོད་གནང་རྒྱུ་ཡིན་སྐོར་སོགས་གསུངས།
ཨིན་ཡུལ་སྐུ་ཚབ་དོན་གཅོད་ཕར་སི་བསོད་ནམས་ཚེ་རིང་ལགས་ཀྱིས། ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་རྐྱེན་པས་སྦིར་ཊན་བོད་རིགས་ཚོགས་པ་དང་བོད་རང་དབང་ལས་འགུལ་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་གསུམ་བཅུ་དུས་དྲན་ཐེངས་ ༦༢ འདི་བཞིན་དྲ་ལམ་བརྒྱུད་སྲུང་བརྩི་ཞུ་རྒྱུ་ཡིན་པ་དང་། དུས་དྲན་དེའི་ཐོག་གྲོས་ཚོགས་འཐུས་མི་རྣམས་ནས་བརྙན་འཕྲིན་བརྒྱུད་གསུང་བཤད་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་བ་དང་འབྲེལ། ཉེ་ཆར་ཨ་རིའི་གཞུང་ནས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་གཏན་འབེབས་གནང་བ་ནི་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་བོད་མིར་བཀའ་དྲིན་ཆེན་པོ་ཡིན་པ་དང་། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༩ ཉིན་ཨིན་ཡུལ་སྐུ་ཚབ་དོན་ཁང་ནས་དྲ་ལམ་བརྒྱུད་སྐུ་ཞབས་མེ་ཀལ་ཝན་ལྦལ་ཊ་པཱ་རག་ (Dr. Michael van Walt van Praag) མཆོག་གི་དཔེ་དེབ་གསར་པ་ (Tibet brief 2020) ཞེས་པ་དབུ་འབྱེད་གནང་རྒྱུ་ཡིན་སྐོར་དང་།
དེ་བཞིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཆེ་ཤོས་ཡོངས་གྲགས་སུ་ (COP26) ཞེས་པ་དེ་འཚོགས་རྒྱུ་ཡིན་སྐོར་དང་། བཙན་བྱོལ་བོད་མིའི་ཁྲོད་སྲིད་སྐྱོང་དང་སྤྱི་འཐུས་སྐབས་ ༡༧ པའི་དངོས་གཞིའི་འོས་བསྡུ་སླེབས་ལ་ཉེ་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུ་ཁྲིད་པའི་བཀའ་ཤག་སྐབས་བཅོ་ལྔ་པའི་ལས་ཡུན་ཕྱི་ཟླ་ ༥ ནང་གཙང་རྒྱུ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས། གྲོས་ཚོགས་འཐུས་མི་སྐུ་ཞབས་ཊིམ་ལུབ་ཊོན་མཆོག་དང་ཁིར་སི་ལོ་མཆོག་རྣམ་གཉིས་ཀྱིས་སྲིད་སྐྱོང་མཆོག་གིས་ལས་དོན་ཧུར་ཐག་གནང་བར་བསྔགས་བརྗོད་དང་སྦྲགས་ལས་ཡུན་མ་གཙང་གོང་སྲིད་སྐྱོང་མཆོག་དང་ཐུག་འཕྲད་གནང་རྒྱུ་ཡིན་སྐོར་གསུངས།
མཐར་སྐུ་ཞབས་ཇོན་ལགས་ཀྱིས་ཨིན་ཡུལ་བོད་དོན་རྒྱབ་སྐྱོར་ཚོགས་པས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩེད་འགྲན་བསྡུར་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པར་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་གནད་ཡོད་མི་སྣ་བཅས་ནས་ལས་འགུལ་དེར་རྒྱབ་སྐྱོར་གནང་སྐྱོང་ཡོང་བར་འབོད་སྐུལ་གནང་ཡོད་པ་བཅས། །