ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༥ རེས་གཟའ་པ་སངས།
༄༅། །ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཀིན་ (Antony Blinken) མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་སྐོར་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢ ཉིན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཡིག་ཐོག་ལན་འདེབས་གནང་ཡོད།
དེ་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཀིན་མཆོག་གིས། ཨ་རིའི་གཞུང་གིས་སྐབས་བསྟུན་གྱིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུ་ཡིན་ཞིང་། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པའི་ངོས་ནས་མ་འོངས་པར་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོར་རྒྱ་ནག་གཞུང་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་གྲོས་མོལ་ཞུ་རྒྱུར་གནོན་ཤུགས་སྤྲོད་དགོས་པའི་ནུས་ཤུགས་འདོན་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ཅེས་གསུངས།
གཞན་ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཀྱང་ཨ་རིའི་ངོས་ནས་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་མ་ཟད། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཆེད་ཞུ་གཏུག་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད། ང་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོར་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པ་མ་ཟད། བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག དེ་བཞིན་བོད་ཀྱི་ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བྱེད་ཀྱི་ཡོད། ཨ་རིའི་གཞུང་གིས་བོད་མི་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་སུ་རྒྱབ་སྐྱོར་གནང་གི་ཡོད་པ་དང་། བོད་ནང་ཕར་འགྲོ་ཚུར་འོང་བཀག་འགོག་བྱེད་མཁན་འབྲེལ་ཡོད་རྒྱ་ནག་གི་ལས་བྱེད་རྣམས་ལ་མཐོང་མཆན་དང་དཔལ་འབྱོར་དམ་བསྒྲགས་བཀའ་ཆད་གཅོད་རྒྱུ་ཡིན། ཞེས་དང་། ཨ་རིའི་སྲིད་འཛིན་སྐུ་ཞབས་ཇོ་བཱཡི་ཌེན་མཆོག་གི་དབུ་ཁྲིད་འོག་ཨ་རིའི་འཛིན་སྐྱོང་གསར་པས་བོད་ཀྱི་ས་ཁུལ་ཁག་གི་ནང་ཕར་འགྲོ་ཚུར་འོང་གི་གོ་སྐབས་འདྲ་མཉམ་ཡོང་ཐབས་སུ་ཤུགས་སྣོན་བསྐྱོན་རྒྱུ་ཡིན། ཞེས་གསུངས།
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་མཆོག་དང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་དེ་ལྟར་གསུངས་པར་དགའ་བསུ་དང་སྦྲགས། ཨ་རིའི་སྲིད་འཛིན་གསར་པ་མཆོག་དང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གསར་པ་མཆོག་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུས་ཡོད།
ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཨན་ཊོ་ནེ་བྷི་ལིན་ཀིན་མཆོག་ཨ་རིའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་གནང་བར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་འཚམས་འདྲིའི་ཡི་གེ་ཞིག་ཕུལ་ཏེ་ཉུང་མཐའ་དྲུང་ལས་ཀྱི་གནས་རིམ་ཐོག་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཞིག་བསྐོ་བཞག་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། །