ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༨ རེས་གཟའ་ཟླ་བ།༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༨ རེས་གཟའ་ཟླ་བའི་ཉིན་གྱི་སྔ་དྲོར་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྲིད་སྐྱོང་དང་སྤྱི་འཐུས་སྐབས་ ༡༧ པའི་སྔོན་འགྲོའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་སྤེལ་ཡོད།
དེ་ཡང་གོང་ཚེས་ཉིནགྱི་སྔ་དྲོ་ཆུ་ཚོད་ ༡༡ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་མཆོག་དབུ་བཞུགས་ཐོག་འོས་བསྡུའི་འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས་དང་། ལོ་རྒྱུས་སློབ་དཔོན་རྒན་པ་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས། ཟུང་དྲུང་བསྟན་འཛིན་ནོར་བུ་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་མཆོག་གིས་གསུང་དོན། བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་ཡང་དག་པའི་མང་གཙོའི་ལམ་སྲོལ་གསོལ་རས་སྩལ་བ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་འབུལ་བའི་སྒོ་ནས་དབུས་འོས་བསྡུ་ལས་ཁུངས་ནས་གཞིས་བྱེས་བོད་མི་ཡོངས་ལ་འཆར་ལ་ཉེ་བའི་རབ་བྱུང་ ༡༧ ལྕགས་མོ་གླང་ལོའི་གནམ་ལོ་གསར་དུ་བཞད་པའི་རྟེན་འབྱུང་དགའ་སྟོན་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་ཁ་བ་གངས་ཅན་ལྗོངས་ཀྱི་ལས་དོན་གནད་འགག་ཆེ་ཤོས་ཤིག་དེ་རིང་འདིར་གསར་འགོད་གསལ་བསྒྲགས་ཀྱི་ལམ་ནས་སྙན་གསང་ཞུ་བཞིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ལེགས་པར་གྲུབ་པ་རེད། དབུས་ཀྱི་འབྲེལ་ཡོད་ཁག་དང་ས་གནས་འོས་བསྡུ་ལས་ཁང་གི་འབྲེལ་ཡོད་ཁག དེ་བཞིན་རྒྱ་ཆེ་མང་ཚོགས་ངོས་ནས་ཀྱང་ཚད་མཐོ་བོ་མཉམ་ཞུགས་གནང་སྟེ་ལས་དོན་འདི་དག་ལེགས་པར་གྲུབ་པ་དང་། ང་ཚོས་དེ་རིང་སྙན་གསང་ཞུ་རྒྱུའི་གནས་སྟངས་འདི་ལྟར་རེད། དེ་སྔ་སྙན་གསང་ཞུས་པའི་ནང་རྒྱལ་ཁབ་ཁག་ ༢༧ ནས་ཞེས་ཞུས་ཡོད་ནའང་ད་རེས་སྟབས་མ་ལེགས་པ་ཞིག་ལ་འབྲུག་ཡུལ་ཕུད་པའི་རྒྱལ་ཁབ་ཁག་ ༢༦ ནང་ས་གནས་འོས་བསྡུ་ལས་ཁང་གྲངས་ ༥༧ བརྒྱུད་སྔོན་འགྲོ་འོས་བསྡུའི་ལས་དོན་གྱི་གྲུབ་འབྲས་ཡོངས་རྫོགས་ལེགས་ཐོན་བྱུང་ཡོད། ཅེས་ཞུ་རྒྱུ་ཡིན།
དེ་རིང་གི་ལས་རིམ་འགོ་འཛུགས་མ་ཞུ་གོང་གལ་ཆེན་པོ་བྱས་ནས་སྙན་གསང་ཞུ་རྒྱུར། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༩ ནང་གསལ་ལྟར་སྔོན་འགྲོའི་འོས་གཞི་ཆགས་ཀྱི་ཡོད། དངོས་གཞིའི་འོས་གཞི་མིན། དེ་དང་མཉམ་དུ་ང་ཚོས་སྔོན་འགྲོའི་སྐབས་ཆ་ཤས་བཞེས་ཏེ་གྲུབ་འབྲས་གང་བྱུང་བ་དེ་དག་དེ་རིང་འདིར་སྙན་གསང་ཞུ་བཞིན་ཡོད། ཚང་མའི་དགོངས་པའི་ནང་འཇགས་པར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༩ ནང་གསེས ༡ གཞིར་བཟུང་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་ཞུ་བཞིན་ཡོད། དངོས་གཞིའི་འོས་གཞི་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༡ ཉིན་ཞུ་ཡི་རེད། དུས་ཡུན་དེའི་རིང་དབུས་འོས་བསྡུ་ལས་ཁུངས་ནས་ཕྱག་ལས་གནང་རྒྱུའི་གནས་སྟངས་མ་གཏོགས་དེ་མིན་འོས་གཞིར་བཞེངས་མཁན་དང་། དེ་བཞིན་རྒྱབ་སྐྱོར་གནང་མཁན། རྒྱ་ཆེ་མང་ཚོགས། བརྒྱུད་ལམ་ཁག་བཅས་ནས་དུས་ཡུན་དེའི་རིང་གསལ་བསྒྲགས་རིགས་གནང་ན་འགྲིག་གི་མ་རེད། ཅེས་དོ་ནན་པོ་བྱས་ནས་སྙན་གསང་ཞུ་བཞིན་ཡོད། དོ་ནན་མ་བྱུང་བའི་རྐྱེན་གྱིས་གནད་དོན་དེ་འདྲ་ལྷག་པ་ཡིན་ན། རང་གཞན་གཉིས་ཀར་སྐུ་ངལ་འཕྲད་རྒྱུའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྟབས། ཚང་མས་དགོངས་པ་བཞེས་ཏེ་ཕྱི་ཟླ་ ༣ ཚེས་ ༢༡ སྔོན་ལ་གསལ་བསྒྲགས་དང་དྲིལ་བསྒྲགས། བརྒྱུད་ལམ་ཁང་ལ་ཡོངས་གྲགས་གནང་རྒྱུའི་རིགས་རྩ་བ་ཉིད་ནས་ཆོག་གི་མ་རེད། གང་ཡིན་ཞེ་ན། དུས་ཡུན་དེའི་རིང་འོས་ཐོབ་བྱུང་བའི་ངོས་ནས་ཐོབ་ཁུངས་ཁག་གཉིས་ལ་འོས་ཐོབ་པ་དེ་འདྲ་བྱུང་ཡོད་པ་དེ་དག་ང་ཚོས་གསལ་བཀྲོལ་ཞུ་དགོས་ཀྱི་ཡོད།
དེ་བཞིན་སྔོན་འགྲོ་འོས་གཞིའི་ནང་ནས་དགོངས་པ་ཞུ་འདོད་ཡོད་པ་རྣམས་ལའང་གོ་སྐབས་འབུལ་དགོས་ཀྱི་ཡོད་པ་རེད། ཕྱོགས་མཚུངས་འོས་གཞིའི་ནང་ཁྲིམས་མཐུན་གྱི་གནས་སྟངས་མ་བྱུང་བ་ཡིན་ན་དབུས་འོས་བསྡུ་ལས་ཁུངས་ལ་འདི་དག་ཚང་མ་ཕྱིར་འཐེན་གནང་རྒྱུའི་སྐུ་དབང་ཡོངས་རྫོགས་ཡོད་ནའང་། དེ་རིགས་ཕལ་ཆེར་ཡོང་མདོག་ཁ་པོ་མ་རེད། འོན་ཀྱང་དེའི་དུས་ཚོད་ཀྱང་ཡོད། གང་ལྟར་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་ཏག་ཏག་ཕྱི་ཟླ་ ༣ ཚེས་ ༢༡ མ་གཏོགས་རྣམ་པ་ཚོའི་མདུན་དུ་སླེབ་ཀྱི་མ་རེད། དེར་བརྟེན་དེ་རིང་ང་ཚོས་གལ་ཆེན་པོ་བརྩིས་ནས་རྣམ་པ་ཚོ་ལ་གནས་སྟངས་སྙན་གསང་ཞུ་བཞིན་ཡོད། དེ་མིན་གཞུང་འབྲེལ་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་མཁྱེན་འདོད་ཡོད་པ། མང་ཚོགས་ངོས་ནས་མཁྱེན་འདོད་ཤུགས་ཆེ་ཡོད་པའི་གནད་དོན་མང་པོ་ཞིག་ང་ཚོའི་སར་སྙན་གསང་བྱུང་། དེར་བརྟེན་དེ་རིང་གསལ་པོ་བྱས་ནས་ཞུ་རྒྱུར་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༡༨ པའི་ནང་གསལ་ལྟར། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢ བར་འོས་འཕེན་པའི་མིང་གཞུང་དེབ་འགོད་ ༨༢༩༦༩ ཐམ་པ་ཆགས་ཀྱི་ཡོད། ཅེས་སྙན་གསང་ཞུ་རྒྱུ་ཡིན།
གཞན་ཡང་འོས་འཕེན་པའི་མིང་གཞུང་དེབ་འགོད་ ༨༢༩༦༩ ཐམ་པ་བྱུང་བའི་ནང་ནས་དངོས་སུ་འོས་འཕེན་པའི་སྐབས་བརྒྱ་ ༧༦་༧༨ ཆགས་ཀྱི་ཡོད། ཕྱི་ལོ་ ༡༩༦༠ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིར་མང་གཙོ་གསོལ་རས་གནང་བ་ནས་བཟུང་ད་བར་འོས་འཕེན་པའི་གྲངས་འབོར་དང་བརྒྱ་ཆ་མཐོ་ཤོས་ཆགས་འདུག་པ་འདི་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། དེ་བཞིན་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ཀྱིས་མང་གཙོའི་བརྒྱུད་ལམ་ཐོག་ཧ་ཅང་ཡག་པོ་ཕེབས་ཐུབ་པ། གཞན་ཡང་རྒྱ་ཆེ་མང་ཚོགས་ངོས་ནས་ཀྱང་དེ་ལ་མོས་གུས་དང་དགའ་མོས་སོགས་ཀྱི་ཐོག་ནས་མཉམ་ཞུགས་ཚད་མཐོ་བོ་གནང་བའི་གནས་སྟངས་འཛམ་གླིང་ཡོངས་ལ་གསལ་བསྒྲགས་གསལ་པོ་ཞུ་རྒྱུ་བྱུང་སོང་།
དེ་ནས་གལ་ཆེ་ཤོས་ཤིག་ལ་སྔོན་འགྲོའི་འོས་གཞིའི་ལས་རིམ་གནས་སྟངས་དེ་རིང་སྙན་གསང་ཞུ་ཡི་རེད། འོན་ཀྱང་དེ་ལས་གལ་ཆེ་བ་ཞིག་ལ་དངོས་གཞིའི་འོས་གཞིའི་ལས་དོན་དེ་དག་དུས་ཐོག་བསྒྲུབ་དགོས་པའི་གནས་སྟངས་ཆགས་ཀྱི་ཡོད། དེ་དང་མཉམ་དུ་དུས་ཚོད་རིང་པོ་མེད་པའི་གནས་སྟངས་དང་སྒྲིག་གཞི་དགོངས་དོན་ལྟར་འགྲོ་དགོས་ཀྱི་ཡོད། ཅེས་གསུང་བཤད་གནང་གྲུབ་མཚམས་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། བོད་རྒྱལ་ལོ་ ༢༡༤༧ ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ལས་དོན་ཁག་ལེགས་གྲུབ་བྱུང་བར་དབུས་སའི་འོས་བསྡུ་ལས་ཁང་ཁག་གི་འགན་འཛིན་དང་། འགན་འཛིན་ལས་རོགས། ཚོགས་མི། ཟུར་དཔང་། དང་བླངས་སོགས་ཐུགས་འགན་བཞེས་མཁན་ཡོངས་ལ་དབུས་འོས་བསྡུ་ལས་ཁང་ནས་ལེགས་གསོལ་ཞུ་རྒྱུ་ཡིན། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༦༧ པའི་ནང་གསེས་ ༣ པའི་ནང། “དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་སྤྲོད་ཆེད་དང་། སྒྲིག་གཞི་དོན་ཚན་དེ་གའི་ནང་གསེས་ ༣ པའི་ (ཀ) པའི་ནང་། “འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་པའི་ཉིན་གྲངས་ ༢༠ ནང་ཚུན་འོས་དམིགས་དྲུག་ལས་མ་མང་བ་སྔོན་འགྲོའི་འོས་གཞིར་གསལ་བསྒྲགས་བྱེད་དགོས། ” ཞེས་པའི་དགོངས་དོན་ལྟར་དབུས་འོས་བསྡུ་ལས་ཁང་ནས་སྲིད་སྐྱོང་གི་འོས་དམིགས་དྲུག་དང་།” བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༩ ནང་གསེས་ ༡ པོའི་ནང་ “དངོས་གཞི་འོས་དམིགས་གཏན་འབེབས་གསལ་བསྒྲགས་མ་བྱས་གོང་དུ་འོས་ཁོངས་ནས་དགོངས་ཞུ་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་སྤྲོད་ཆེད་དང་།” ཡང་སྒྲིག་གཞི་དོན་ཚན་དེ་གའི་ནང་གསེས་ (ཀ) པའི་ནང་། “འོས་གཞི་གཏན་འབེབས་གསལ་བསྒྲགས་མ་བྱས་པའི་ཉིན་གྲངས་ ༣༠ གོང་ཐོབ་ཁུངས་སོ་སོའི་ཐོབ་ཆའི་གྲངས་ཚད་ཀྱི་གསུམ་ལྡབ་ལས་མི་ཉུང་བའི་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་བྱེད་དགོས། ” ཞེས་པའི་དགོངས་དོན་ལྟར། དབུས་འོས་བསྡུ་ལས་ཁང་ནས་ཐོབ་ཁུངས་སོ་སོའི་འོས་ཐོབ་རྩེ་བཏོགས་ཀྱིས་ཆོལ་ཁ་རེ་ནས་འོས་གཞི་ ༣༠ རེ་དང་། ཆོས་ལུགས་ཁག་ལྔ་དང་། ལྷོ་བྱང་ཨ་རི། ཡུ་རོབ་དང་ཨ་ཕི་རི་ཀ་བཅས་ནས་འོས་གཞི་གྲངས་ ༦ རེ། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨེ་ཤི་ཡ་དང་ཨོ་སེ་ཀྲེ་ལེ་ཤི་ཡའི་ཁོངས་ནས་འོས་གཞི་གྲངས་ ༣ བཅས་གསལ་བསྒྲགས་ཞུ་རྒྱུ་ཡིན།
ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༨ ནས་ ༡༥ ནང་ཚུད་ལ་སྲིད་སྐྱོང་གི་འོས་དམིགས་དང་། སྤྱི་འཐུས་ཀྱི་འོས་དམིགས་དངོས་གཞིར་ཞུགས་མཁན་རྣམས་ཀྱི་སོ་སོའི་མིང་དང་ཁྱད་མིང་། སྐྱེས་ལོ་སྐྱེས་ཚེས། དང་བླངས་དཔྱ་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་པར་བཤུས། དོ་བདག་སོ་སོའི་ལོ་རྒྱུས་སྙིང་བསྡུས་འགེངས་ཤོག་མ་དཔེ་བཞིན་ཡིག་འབྲུ་ ༣༠༠ ལས་མ་མང་བ་སྨོན་ལམ་གཉིས་པའི་ཡིག་ཚད་ ༡༤ སྟེང་རྒྱབ་པ། ཉེ་ཆར་བརྒྱབ་པའི་ཕྱེད་པར་མཚོན་ཁྲ་ཅན་གཉིས་རེ་ཡིག་ཆ་ངོ་མ་དང་མཉེན་བཤུས་ (Soft Copy) བཅས་ས་གནས་འོས་བསྡུ་ལས་ཁང་བརྒྱུད་དབུས་འོས་བསྡུ་ལས་ཁང་ལ་འབུལ་འབྱོར་དགོས་པ་དང་། འོས་གཞི་ནས་དགོངས་པ་ཞུ་འདོད་ཡོད་རིགས་ནས་དགོངས་ཤོག་གང་མགྱོགས་དང་། མཐའ་མ་ཕྱི་ཟླ་ ༢ ཚེས་ ༡༦ ནང་ཚུད་དབུས་འོས་བསྡུ་ལས་ཁང་ལ་ཐད་ཀར་འབུལ་དགོས། དངོས་གཞིའི་འོས་གཞི་གཏན་འབེབས་གསལ་བསྒྲགས་ཟིན་རྗེས་དགོངས་ཞུ་མི་ཆོག
ད་ཐེངས་ཀྱི་གསལ་བསྒྲགས་ཞུས་པའི་མཚན་གཞུང་ཁག་ནི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༤༧ པའི་དགོངས་དོན་སྔོན་འགྲོའི་འོས་མིའམ་སྔོན་འགྲོའི་འོས་ཐོབ་ཀྱི་གནས་སྟངས་མང་ཚོགས་སུ་གསལ་བསྒྲགས་ཞུས་པ་ཞིག་ཡིན་པས། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་དངོས་གཞིའི་འོས་གཞི་ཕྱི་ལོ་ ༢༠༢༡ ཟླ་ ༣ ཚེས་ ༢༡ ཉིན་ལས་རིམ་བཞིན་གནང་རྒྱུ་ཡིན་ན། དེ་བར་འོས་གཞིའི་མཚན་གཞུང་ནང་ཡོད་ཁག་དང་། ཕྱོགས་གཏོགས། མང་ཚོགས་སུ་ཐད་ནས་དུས་རྒྱུན་དེ་བར་འོས་བསྡུའི་དྲིལ་བསྒྲགས་དང་གཏམ་བཤད་སོགས་ནམ་ཡང་མི་ཆོག་པ་བཅས་ཀྱི་གསལ་བསྒྲགས་གནང་སྟེ་གསར་འགོད་པའི་དྲི་བར་ལན་འདེབས་གནང་བ་བཅས། །